གཟའ་པ་སངས། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༡༩

མེ་རག་ལུ་ ཆང་འཐུང་མི་ མར་ཕབ་སོང་ཡོདཔ།

སྤྱི་ཟླ་༥ པའི་ཚེས་ ༣༡ ༢༠༡༧

༉ འདས་པའི་ལོ་ཚུ་ནང་ བཀྲ་ཤིས་སྒང་ མེ་རག་ལུ་ ཆང་འཐུང་ནི་འདི་ ལེ་ཤཱ་གི་ར་ མར་ཕབ་སོང་སྟེ་འདུག

ཧེ་མ་འབད་བ་ཅིན་ མེ་རག་གི་མི་ཚུ་གིས་ གནམ་གཤིས་བསིལ་དྲག་སྦེ་ཡོད་མི་ལས་ ཟུར་ཐབས་ལུ་ ཆང་འཐུང་དོ་ཡོདཔ་ཨིན་མས།

ད་རུང་ ཁོང་ཆ་ཁྱབ་ཀྱིས་ ཆང་འདི་ ལམ་སྲོལ་ཅིག་སྦེ་བརྩི་ཞིནམ་ལས་ སེམས་གསོ་དང་ཁྱོསམ་འབད་ཡང་ བྱིན་སྲོལ་ཡོདཔ་ཨིན་མས།

ཨིན་རུང་ ད་རེས་ ཆང་ལས་བརྟེན་ གཟུགས་ཁམས་ལུ་གནོད་པ་ཡོད་མི་ཚུ་ ཧ་གོ་བའི་ཤུལ་ལུ་ མི་མང་ཤོས་ཅིག་ར་ ཆང་བཅད་ནི་འགོ་བཙུགས་ཏེ་འདུག

འདི་འབདཝ་ལས་ མེ་རག་ལུ་ ད་རེས་ནངས་པར་ ཆང་བཅད་མི་ མང་ཤོས་ཅིག་གིས་རང་ ཆང་གི་ཚབ་ལུ་ ཇ་འཐུངམ་ཨིན་མས།

མེ་རག་ལུ་ཡོད་པའི་ ཚོང་པ་ཚུ་གིས་སླབ་མི་ནང་ ཧེ་མ་དང་ཕྱདཔ་ད་ ད་རེས་ནངས་པ་ ཆང་ཉོ་མི་ཡང་ ཚད་ཅིག་ལས་འགལ་ མི་འོང་པས་ཟེར་བཤད་ཅི།

མེ་རག་རྒེད་འོག་དང་གསོ་བའི་འགོ་དཔོན་ཚུ་གིས་ རྒེད་འོག་འདི་ནང་ལུ་ ལོ་མང་རབས་ཅིག་གི་རིང་ ཆང་ལས་བརྟེན་པའི་ གནོད་པ་ཚུ་གི་སྐོར་ལས་ གོ་བ་བརྡ་སྤྲོད་འབད་ནུག

མེ་རག་རྒཔོ་ བླ་མ་རིན་ཆེན་གྱིས་སླབ་མི་ནང་ དེ་སྦེ་ ཆང་འཐུང་མི་ མར་ཕབ་འགྱོ་མི་འདི་ཡང་ མཉམ་རུབ་ཀྱི་ཐོག་ལས་ བརྩོན་ཤུགས་བསྐྱེད་མི་ལུ་བརྟེན་ཨིན་ཟེར་བཤད་ཅི།

མེ་རག་ལུ་ ད་རེས་ནངས་པར་ དགའ་སྟོན་འདི་ཚུ་ཡོད་རུང་ ཧེ་མ་བཟུམ་སྦེ་ ཆང་འདི་ཚུ་མ་འབག་པར་ ཆུངམ་དང་ཏི་རུ་འདི་ཚུ་ འབག་འགྱོ་དོ་ཡོདཔ་ཨིན་མས།

བཀྲིས་སྒང་ མེ་རག་ལུ་ ཆང་ལས་བརྟེན་ མི་ག་དེ་ཅིག་ཤི་ཡོདཔ་ཨིན་ན་ མི་ཤེས་དོ་ཡོདཔ་ཨིན་རུང་ ན་ཧིང་ རྒྱལ་ཁབ་ནང་ལུ་ ནད་གཞི་ལུ་བརྟེན་ ཤི་མི་ཚུ་གི་གྲལ་ལས་ མཐོ་ཤོས་ར་ ཆང་ལས་བརྟེན་པའི་མཆིནམ་གྱི་ནད་གཞི་འདི་ཨིནམ་སྦེ་ སྙན་ཞུ་བཀོད་ནུག