གཟའ་ཟླ་བ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༢

མདུན་མང་སྤྱི་འོག་ནང་ལུ་ སོ་ནམ་ཞིང་ལམ་ཅིག་ སེལ་ནི་གི་ལཱ་འདི་ ཡུན་གྱངས་འབད་ལུས་ཏེ་ཡོདཔ།

སྤྱི་ཟླ་༥ པའི་ཚེས་ ༣༡ ༢༠༡༧

 

༉ གཞལ་སྒང་རྫོང་ཁག་ ནང་སྐོར་རྒེད་འོག་ མདུན་མང་སྤྱི་འོག་ནང་ལུ་ ཀི་ལོ་མི་ཀྲར་༡༩་འབད་མི་ སོ་ནམ་ཞིང་ལམ་ཅིག་ སེལ་ནི་གི་ལཱ་འདི་ ཡུན་གྱངས་སྦེ་ལུས་ཏེ་འདུག

སོ་ནམ་ཞིང་ལམ་སེལ་ནིའི་ལཱ་འདི་ཡང་ སྤྱི་ལོ་༢༠༡༤་ལས་འགོ་བཙུགས་ཡོད་རུང་ ད་ལྟོ་ཚུན་ཚོད་ ཞིང་ལམ་ཀི་ལོ་མི་ཀྲར་༤་དེ་ཅིག་རྐྱངམ་ཅིག་ སེལ་ཚར་ཏེ་ཡོདཔ་ཨིན་མས།

ཞིང་ལམ་སེལ་ནིའི་ལཱ་ ཡུན་གྱངས་སྦེ་ལུས་མི་འདི་ཡང་ ལཱ་འབད་མི་ཁ་འབགཔ་འདི་ ལཱ་ཕྱེད་ཀ་ལྷོདཔ་ད་ གྱོང་སོང་མི་ལུ་བརྟེན་ཏེ་ཨིན་མས།

ཞིང་ལམ་སེལ་ནིའི་ལཱ་ དེ་སྦེ་ ཡུན་གྱངས་ལུས་མི་ལུ་བརྟེན་ མདུན་མང་དང་སྐམ་ལྗོངས་ཀྱི་མི་སེར་ཚུ་ལུ་ ཐོ་ཕོག་སྟེ་འདུག

འདི་འབདཝ་ལས་ གཡུས་འདི་ནང་གི་མི་ཚུ་ ཅ་རྣམ་དང་གཞི་རྟེན་མཁོ་ཆས་ཚུ་ ཉོ་ནིའི་དོན་ལས་ཡང་ དུས་ཡུན་ཆུ་ཚོད་ལས་བཅད་དེ་ ལམ་འགྱོ་དགོ་དོ་ཡོདཔ་ཨིན་མས།

འཆར་གཞི་དང་འཁྲིལ་པ་ཅིན་ གཡུས་འདི་ནང་གི་མི་སེར་ཚུ་གིས་ ད་རེས་ནངས་པར་ སོ་ནམ་ཞིང་ལམ་གྱི་མཐུན་རྐྱེན་འདི་ སྤྱོད་དེ་འོང་དགོ་ནི་ཨིན་མས།

ཨིན་རུང་ ནང་བསྐོར་རྒེད་འོག་བདག་སྐྱོང་གིས་ ཞིང་ལམ་སེལ་ནིའི་ལཱ་འདི་ འཕྲོ་མཐུད་དེ་རང་འབད་ནི་གི་དོན་ལས་ ལོག་སྟེ་རང་ རིན་བསྡུར་འབད་དེ་འདུག

རྒེད་འོག་གི་འགོ་དཔོན་ཚུ་གིས་སླབ་མི་ནང་ མདུན་མང་སྤྱི་འོག་ནང་ལུ་ སོ་ནམ་ཞིང་ལམ་འདི་ ལོ་ལྔ་འཆར་གཞི་༡༢་པའི་ དུས་ཕྱེད་དེ་ཅིག་ལས་ བཏོན་ཚར་འོང་ཟེར་བཤད་ཅི།

གཞལ་སྒང་རྫོང་ཁག་འོག་གི་ ནང་བསྐོར་རྒེད་འོག་འདི་ནང་ལས་ སོ་ནམ་ཞིང་ལམ་མེད་མི་ སྤྱི་འོག་འདི་ མདུན་མང་སྤྱི་འོག་ རྐྱངམ་ཅིག་རང་ཨིན་མས།

མདུན་མང་སྤྱི་འོག་གི་ མདུན་མང་དང་སྐམ་ལྗོངས་གཡུས་ཚན་༢་ཀྱི་ནང་ལུ་ ཁྱིམ་གུང་པ་༦༣་ལྷགཔ་ཅིག་འདུག