གཟའ་མིག་དམར། ༢༠༡༧ ཟླ་༡༢ པའི་སྤྱི་ཚེས་༡༨

ཁྲོམ་སྡེ་གིས་ གཡུར་བ་སེལ་བཅུག་མི་ལུ་ ཚོང་པ་ལ་ལུ་སེམས་དང་མ་ལྡནམ།

སྤྱི་ཟླ་༥ པའི་ཚེས་ ༣༡ ༢༠༡༧

༉ དགེ་ལེགས་ཕུག་ཁྲོམ་སྡེ་གིས་ ཁྲོམ་ཁ་ལས་ཕར་ གཡུར་བ་བསུབ་སྟེ་ཡོད་མི་ཚུ་ སེལ་ནི་གི་ལས་རིམ་ཅིག་ འགོ་འདྲེན་འཐབ་ནུག

ཨིན་རུང་ ལས་རིམ་འདི་ནང་ལུ་གྲལ་ཁར་གཏོགས་མི་ ཚོང་པ་དག་པ་ཅིག་ ཁོང་ཆ་ཁྱབ་ཡང་ ལས་རིམ་འདི་ནང་ལུ་ གྲལ་གཏོགས་འབད་བཅུག་མི་ལུ་ སེམས་དང་མ་ལྡན་པར་འདུག

ཚོང་པ་ལ་ལུ་ཅིག་གིས་སླབ་མི་ནང་ སྒྲིང་ཁྱིམ་གྱི་ཇོ་བདག་ཚུ་གིས་ ཁྲོམ་སྡེ་ལུ་ ཁྲལ་འདི་ཚུ་བཏབ་དོ་ཡོདཔ་ལས་ ཁྲོམ་ཁའི་གཡུར་བ་ཚུ་ ཧིང་སངས་སང་འབད་བཞག་ནི་འདི་ ཁྲོམ་སྡེ་གི་འགན་ཁུར་ཅིག་ཨིན་ཟེར་བཤད་ཅི།

འདི་འབདཝ་ལས་ ཕྱགས་བརྡར་གྱི་ལས་རིམ་ནང་ལུ་ ཁོང་ཆ་ཁྱབ་ གྲལ་ཁར་གཏོགས་དགོཔ་ཅིག་ མི་མཐོང་པས་ཟེར་ཨིན་མས།

འདི་ལུ་ དགེ་ལེགས་ཕུག་ཁྲོམ་དཔོན་ ཀྲི་ཀ་རམ་ཀཕ་ལེ་གིས་སླབ་མི་ནང་ ཁྲོམ་སྡེ་རྐྱངམ་ཅིག་གིས་ ཁྲོམ་ཧིང་སངས་སང་འབད་ བཞག་ཚུགས་པ་ལུ་ ལཱ་ཁག་བཏང་དོ་ཡོདཔ་ལས་ ཚོང་པ་ཚུ་ལུ་ ཁོང་རའི་ཚོང་ཁང་གི་གདོང་ཁའི་གཡུར་བ་ཚུ་ སེལ་དགོཔ་སྦེ་ སླབ་སྟེ་ཡོད་ཟེར་ཨིན་མས།

 ད་རུང་ ཁོ་གིས་འབད་བ་ཅིན་ ཁྲོམ་ཧིང་སངས་སང་འབད་བཞག་དགོ་པ་ཅིན་ ཁྲོམ་སྡེ་དང་ཁྲོམ་ཁ་ལུ་སྡོད་མི་ག་ར་ མཉམ་འབྲེལ་གྱི་ཐོག་ལས་རང་ ལཱ་འབད་དགོ་ཟེར་བཤད་ཅི།

 དགེ་ལེགས་ཕུག་ཁྲོམ་ཁ་ལུ་ གཡུར་བ་སེལ་ནི་གི་ལས་རིམ་འདི་ཡང་ ན་ཧིང་ སྤྱི་ཟླ་༡༢་པའི་ནང་ལུ་ རྒྱལ་ཡོངས་ཀྱི་གནས་ཚད་ཁ་ལུ་ ཕྱགས་བརྡར་གྱི་ལས་རིམ་འགོ་འདྲེན་འཐབ་མི་དང་འཁྲིལ་ཏེ་ཨིན་མས།

དགེ་ལེགས་ཕུག་ཁྲོམ་ཁ་ལུ་ གཡུར་བ་ཚུ་ སྤྱི་ལོ་༢༠༡༣་ལུ་ བཟོ་སྟེ་ཡོད་རུང་ ད་ལྟོ་ཚུན་ཚད་ ཚར་གཅིག་ཡང་ མ་སེལ་བར་ཡོདཔ་ཨིན་མས།