གཟའ་པ་སངས། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༡༩

འབྲུག་གི་མི་རློབས་དང་གུང་རྩིས་ཐེངས་༢་པ་འགོ་བཙུགས་ཡོདཔ།

སྤྱི་ཟླ་༥ པའི་ཚེས་ ༣༠ ༢༠༡༧

   ༉ འབྲུག་གི་མི་རློབས་དང་གུང་རྩིས་ཐེངས་༢་པ་འདི་ ད་ས་དྲོ་པ་ཆུ་ཚོད་༩་ལས་ ཐིམ་ཕུག་ རྟ་བབས་ལས་ བློན་ཆེན་ དྲག་ཤོས་ཚེ་རིང་སྟོབས་རྒྱས་ཀྱི་གཟིམ་ཅུང་ནང་ལས་ འགོ་བཙུགས་ཏེ་ཡོདཔ་ཨིན།

ཉིན་གྲངས་གསུམ་གྱི་ལས་རིམ་འདི་ཡང་ རྒྱལ་ཡོངས་རྩིས་དཔྱད་བཀོད་འཛིན་འོག་ལུ་ རྒྱལ་ཡོངས་མི་རྩིས་ཡིག་ཚང་གིས་ འགོ་འདྲེན་འཐབ་ཨིནམ་མས།

གཟའ་ཟླཝ་གི་ཚེ་ བློན་ཆེན་གྱིས་ འབྲུག་གི་མི་རློབས་དང་གུང་རྩིས་འདི་ རྒྱལ་ཡོངས་ཀྱི་ལས་རིམ་ཁག་ཆེཝ་ཅིག་འབདཝ་ལས་ གྲངས་རྩིས་རྐྱབ་མི་ཚུ་ལུ་ མི་མང་གི་ཁ་ཐུག་ལས་ བརྡ་དོན་འདི་ཚུ་ ཕྲང་སྟེ་འབྱིན་ཏེ་ མཉམ་འབྲེལ་འབད་དགོ་ཟེར་གསུང་ཡི།

བློན་ཆེན་གྱིས་གསུང་མི་ནང་ རྒྱལ་ཡོངས་ཀྱི་མི་རྩིས་འདི་ མཐར་འཁྱོལ་ཅན་ཅིག་འབད་འགྱོ་བ་ཅིན་ འདི་གིས་ རྒྱལ་ཁབ་ནང་ལུ་ གནད་སྡུད་གཏད་ཁེལ་ཅིག་འབྱིན་ནི་ཨིནམ་ལས་ རྒྱལ་ཁབ་ནང་ལུ་ མི་སྡེ་དཔལ་འབྱོར་གྱི་ལས་སྣ་ཚུ་འབད་ནི་ནང་ ཕན་ཐོག་འབྱུང་འོང་ཟེར་ཨིན་མས།

མི་རློབས་དང་གུང་རྩིས་ཀྱི་བརྡ་དོན་འདི་ཚུ་ཡང་ གོང་འཕེལ་གྱི་འཆར་གཞི་དང་ལས་རིམ་ཚུ་ བལྟ་རྟོགས་དང་དབྱེ་ཞིབ་འབད་ནི་ནང་ལུ་ ལག་ལེན་འཐབ་ནི་གི་དོན་ལས་ ལག་ལེན་འཐབ་ནི་ཨིན་མས།

གྲངས་རྩིས་རྐྱབ་པའི་སྐབས་ ཁྱིམ་རེ་ནང་ དུས་ཡུན་ཆུ་ཚོད་ལྷགཔ་རེ་འགོར་དོ་ཡོདཔ་ད་ མི་རློབས་དང་གུང་རྩིས་འདི་གིས་ འབྲུག་མི་གི་མ་ཚད་པར་ རྒྱལ་ཁབ་ནང་ལུ་ཡོད་པའི་ཕྱིའི་མི་ཁུངས་ཚུ་ཡང་ ཁྱབ་ནི་ཨིན་མས།

 འབྲུག་གི་མི་རློབས་དང་གུང་རྩིས་ཐེངས་༢་པ་འདི་ཡང་ ནངས་ཚེས་མཇུག་བསྡུ་ནི་ཨིནམ་ད་ འདི་ཡང་ ཞི་གཡོགཔ་སྟོང་ཕྲག་ཕྱད་ད་༡༠་མ་ལངམ་ཅིག་གིས་ བརྐྱབ་དོ་ཡོདཔ་ཨིན།

འབྲུག་གི་མི་རློབས་དང་གུང་རྩིས་ཐེངས་༢་པ་འདི་ ཟད་འགྲོ་དངུལ་ཀྲམ་ས་ཡ་༢༠༠་ལྷགཔ་ཅིག་གི་ཐོག་ལས་ འགོ་འདྲེན་འཐབ་ཨིན་མས།

འབྲུག་གི་མི་རློབས་དང་གུང་རྩིས་ཀྱི་ལས་རིམ་འདི་ འགོ་དང་པ་རང་ སྤྱི་ལོ་༢༠༠༥་ལུ་འགོ་འདྲེན་འཐབ་ནུག