གཟའ་ལྷག་པ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༤

ས་གཏེར་གོང་འཕེལ་གྱི་སྲིད་བྱུས་ གྲ་སྒྲིག་སོང་ཡོདཔ།

སྤྱི་ཟླ་༥ པའི་ཚེས་ ༣༠ ༢༠༡༧

༉ ལོ་བརྒྱད་དེ་ཅིག་གི་ཧེ་མ་ གྲོས་འཆར་བཀོད་དེ་ཡོད་མི་ ས་གཏེར་གོང་འཕེལ་གྱི་སྲིད་བྱུས་འདི་ མཐའན་མཇུག་ཁར་ ལག་ལེན་འཐབ་ནི་གི་དོན་ལས་ གྲ་སྒྲིག་སོང་སྟེ་འདུག

འདི་འབདཝ་ལས་ སྲིད་བྱུས་འདི་ ཁ་ཙ་ རྒྱལ་ས་ཐིམ་ཕུག་ལུ་སྦེ་ བསྟན་རྒྱས་བློན་པོ་ ལས་སྐྱིད་རྡོ་རྗེ་གིས་ གསར་བཏོན་གནང་ཡི།

ས་གཏེར་གོང་འཕེལ་གྱི་སྲིད་བྱུས་འདི་ཡང་ རྒྱལ་ཁབ་ནང་ལུ་ ས་གཏེར་ལས་སྡེ་ནང་ འགྱུར་བ་ལེགས་ཤོམ་འགྱོ་ནི་དང་ ས་གཏེར་གྱི་ཐོན་སྐྱེད་ཚུ་ ལག་ལེན་འཐབ་ཐངས་འདི་ འཛིན་སྐྱོང་འཐབ་ནི་གི་ ལམ་སྟོན་གསལ་ཏོག་ཏོ་ཅིག་འོང་ནི་གི་དོན་ལས་ཨིན་མས།

ད་རུང་ སྲིད་བྱུས་འདི་གིས་ བསྟན་རྒྱས་ལྷན་ཁག་གིས་ ད་རེས་ རྒྱལ་ཁབ་ནང་ལུ་ མཐའ་འཁོར་ལུ་གནོད་པ་ཡོད་མི་དང་ དགོས་མཁོ་བའི་ ས་གཏེར་ཐོན་སྐྱེད་ མ་ལང་མི་ལ་སོགས་པའི་ ས་གཏེར་དང་འབྲེལ་བའི་ དཀའ་ངལ་ཡོད་མི་ཚུ་ བསལ་ཚུགས་པའི་རེ་བ་འདུག

སྲིད་བྱུས་འདི་ནང་ལུ་ དབང་འཛིན་གྱི་ལཱ་འགན་དང་ ས་གཏེར་བཏོན་ནི་གི་ ལག་ཁྱེར་སྤྲོད་ནི་ དེ་ལས་ ས་གཏེར་དང་འབྲེལ་བའི་ བསྐྱར་ཞིབ་ཀྱི་ལཱ་ཚུ་གི་དོན་ལས་ དགོངས་དོན་ཚུ་ཡང་ ཚུད་དེ་ཡོདཔ་ཨིན་མས།

བསྟན་རྒྱས་བློན་པོ་ ལེགས་སྐྱིད་རྡོ་རྗེ་གིས་གསུང་མི་ནང་ ད་རེས་ ས་གཏེར་གི་ནང་ལུ་ ཁ་བཏང་མི་འདི་ གཙོ་བོ་ར་ མཐའ་འཁོར་དང་ ནགས་ཚལ་མར་ཉམས་འགྱོ་མི་ལས་བརྟེན་ཏེ་འབདཝ་ལས་ སྲིད་བྱུས་འདི་ནང་ལུ་ མཐའ་འཁོར་ཉམས་སྲུང་འབད་ནི་གི་ ཐབས་ལམ་ཚུ་ སྒྲིང་སྒྲིང་སྦེ་ཡོད་ཟེར་ཨིན་མས།

སྲིད་བྱུས་འདི་ཡང་ ས་གཏེར་ལས་ཁུངས་ཀྱིས་ ལག་ལེན་འཐབ་ནི་ཨིནམ་དང་ ལས་ཁུངས་འདི་གི་འོག་ལས་ ལས་ཚན་ཅིག་གིས་ ས་གཏེར་འཛིན་སྐྱོང་གི་དབང་འཛིན་ཅིག་སྦེ་ ལཱ་འགན་འབག་ནི་ཨིན་མས།

ད་རེས་ ས་གཏེར་ལས་སྡེ་འདི་གིས་ བཟོ་གྲྭ་ལས་སྡེ་ནང་ལུ་ འོང་འབབ་བཟོ་མི་འདི་མ་རྩིས་བར་ གཞུང་གི་འོང་འབབ་ནང་ལུ་ འོང་འབབ་བརྒྱ་ཆ་༣དེ་ཅིག་བཟོཝ་ཨིན་མས།

ད་རེས་ རྒྱལ་ཁབ་ནང་ལུ་ ས་གཏེར་དང་རྡོ་བཏོན་ལས་སྡེ་ ༦༩དེ་ཅིག་འདུག