གཟའ་མིག་དམར། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༣

བྱམས་པ་ལྷ་ཁང་ནང་ལས་ གཟི་མིག་ཏོ་༡༢་ཨརཝ་བརྐུ་སྟེ་བཙོང་ཡོད་མི་ བྱ་ངན་གྱི་འཁྲུན་ཆོད།

སྤྱི་ཟླ་༥ པའི་ཚེས་ ༡༥ ༢༠༡༧

༉ གཟའ་སྤེནམ་གི་ཚེ་ བུམ་ཐང་རྫོང་ཁག་ཁྲིམས་ཀྱི་འདུན་ས་གིས་ བྱམས་པ་ལྷ་ཁང་ནང་ལས་ གཟི་མིག་ཏོ་༡༢་འབད་མི་ཅིག་ ཨརཝ་བརྐུ་ཞིནམ་ལས་ བཙོང་ཡོད་པའི་ཉེས་པ་ལས་བརྟེན་ཏེ་ མི་༥་ལུ་ ཟླཝ་༢༠་ལས་ ཚེ་བཙོན་ཚུན་གྱི་བར་ནའི་བཙོན་ཁྲིམས་ཀྱི་ འཁྲུན་ཆོད་གནང་ནུག

ཁོང་ཉེས་ཅན་ལྔཔོ་འདི་ཡང་ དགེ་སློང་ལྷམོ་རིན་ཆེན་དང་ གླ་འཁོར་དེད་གཡོགཔ་ བསོད་ནམས་རྡོ་རྗེ་དང་ ཚེ་དབང་རྒྱལ་མཚན་ དེ་ལས་ ཚོང་པ་ སངས་རྒྱས་དབང་ཕྱུག་དང་ རྒྱ་གར་ལྡི་ལི་ལུ་སྡོད་མི་ཚོང་པ་ ཚེ་རིང་ཉི་མ་ཚུ་ཨིན་མས།

བྱ་ངན་འདི་ནང་ལུ་ ཉེས་ཅན་ངོ་མ་འདི་ སྐྱེས་ལོ་༡༩་ལངས་མི་དགེ་སློང་ ལྷམོ་རིན་ཆེན་འདི་འབདཝ་ལས་ ཁོ་ལུ་ ཉེས་ཁྲིམས་ ཚེ་བཙོན་ཕོགས་ཏེ་འདུག

དེ་ལས་ བསོད་ནམས་རྡོ་རྗེ་ལུ་ བཙོན་ཁྲིམས་ལོ་༦་དང་ཟླཝ་༨་ཕོག་ཡོདཔ་དང་ སངས་རྒྱས་དབང་ཕྱུག་དང་ཚེ་དབང་རྒྱལ་མཚན་༢་ལུ་ བཙོན་ཁྲིམས་ ཟླཝ་༢༠་ལྷགཔ་རེ་སྐྱེལ་ཡོདཔ་ཨིན་རུང་ ཚེ་དབང་རྒྱལ་མཚན་འདི་ ད་ལྟོ་འཚོལ་མ་འཐོབ་པར་འདུག

དེ་བཟུམ་སྦེ་ ཚེ་རིང་ཉི་མ་ལུ་ བཙོན་ཁྲིམས་ལོ་༤་ཕོགས་ནུག

ད་རུང་ འཁྲུན་ཆོད་དང་འཁྲིལཔ་ད་ ཁོང་ཆ་ཁྱབ་ཀྱིས་ གཟི་བཙོང་མི་ལས་འཐོབ་ཡོད་པའི་ ཏི་རུབ་འདི་ཡང་ ལོག་སྟེ་བཏབ་དགོཔ་སྦེ་ཨིན་མས།

ཁྲུན་ཆོད་འདི་དང་འཁྲིལ་བ་ཅིན་ བྱ་ངན་འདི་ཡང་ ལྷམོ་རིན་ཆེན་གྱིས་ ན་ཧིང་ སྤྱི་ཟླ་༥་པའི་ནང་ བྱམས་པ་ལྷ་ཁང་ནང་གི་ནང་རྟེན་གཙོ་བོ་ ཇོ་བོ་བྱམས་པ་གི་སྐུ་ལས་ གཟི་མིག་ཏོ་༡༢་འབད་མི་འདི་ ཨརཝ་བརྐུ་བཞིནམ་ལས་ བསོད་ནམས་རྡོ་རྗེ་ལུ་བྱིན་ཡོདཔ་སྦེ་ཨིན་མས།

དེ་ལས་ གཟི་འདི་ བསོད་ནམས་རྡོ་རྗེ་གིས་ ཚེ་དབང་རྒྱལ་མཚན་དང་ སངས་རྒྱས་དབང་ཕྱུག་དང་ཅིག་ཁར་ ཕུན་ཚོགས་གླིང་ལུ་སྦེ་ རྒྱ་གར་ལྡི་ལི་ལུ་སྡོད་མི་ཚོང་པ་ ཚེ་རིང་ཉི་མ་ལུ་ དངུལ་ཀྲམ་འབུམ་༢༠་སྦེ་ བཙོང་ད་ནུག་ཟེར་ཨིན་མས།

ཤུལ་ལས་ ཚེ་རིང་ཉི་མ་གིས་ གཟི་འདི་ རྒྱ་གར་དང་བལ་བུ་གི་ས་མཚམས་ཁར་ ས་གནས་ ཀ་ཀར་སྦིས་ཀྲ་ལུ་འབག་ཞིནམ་ལས་ རྒྱ་ནག་གི་ཚོང་པ་གཅིག་ལུ་ དངུལ་ཀྲམ་འབུམ་༣༧་སྦེ་ བཙོང་ཡོདཔ་ཨིན་མས།

འདི་གི་ཤུལ་ལས་ གཟི་འདི་གི་སྐོར་ལས་ ལོ་རྒྱུས་ཚུ་ག་ནི་ཡང་ཤེས་མ་ཚུགས་པས།

གནས་ཚུལ་བྱུང་ས་དང་འཁྲིལཔ་ད་ བྱ་ངན་འདི་གི་སྐོར་ལས་ དཀོན་གཉེར་གསརཔ་དང་བགྲེསཔ་གི་བར་ན་ རྩིས་སྤྲོད་འབད་བའི་སྐབས་ གཟི་འདི་མེདཔ་སྦེ་མཐོང་པའི་ཤུལ་ལུ་ ཧ་གོ་ནུག