གཟའ་ལྷག་པ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༤

ཆུ་འཛོམས་ལས་ ཕུན་ཚོགས་གླིང་ཚུན་ཚོད་ ཕྱགས་བརྡར་བརྐྱབས་ཡོདཔ།

སྤྱི་ཟླ་༥ པའི་ཚེས་ ༡༥ ༢༠༡༧

༉ ཆུ་ཁ་རྫོང་ཁག་གིས་ ཕྲལ་ཁམས་ཅིག་ཁར་ ཆུ་འཛོམས་ལས་ ཕུན་ཚོགས་གླིང་ཚུན་ཚོད་ཀྱི་ རྒྱལ་ཡོངས་གཞུང་ལམ་བདའ་ ཕྱགས་བརྡར་གྱི་ལཱ་ཚུ་འབད་ནུག

འདི་འབདཝ་ལས་ གཞུང་ལམ་འདི་ ད་རེས་ནངས་པར་ ཧ་ལམ་ཅིག་རང་ ཧིང་སང་སང་བཟོ་ཚུགས་ཏེ་ཡོདཔ་ཨིན་མས།

ཕྱགས་བརྡར་གྱི་ལས་རིམ་འདི་ཡང་ སློབ་ཕྲུག་དང་ཞི་གཡོགཔ་ བདེ་སྲུངཔ་དང་དགེ་སློང་ དེ་ལས་ ས་གནས་ཀྱི་མི་བསྡོམ་ སྟོང་ཕྲག་༡་དང་༥༠༠་ལྷགཔ་ཅིག་གིས་ འགོ་འདྲེན་འཐབ་ནུག

ལས་རིམ་གྱི་སྐབས་ལུ་ ཁོང་གྲལ་ཁར་གཏོགས་མི་ཚུ་གིས་ གཞུང་ལམ་བདའ་སྟེ་ ཕྱགས་བརྡར་བརྐྱབ་ཡོདཔ་མ་ཚད་ བརྡ་བྱང་ཚུ་ཡང་ ལྷོང་བཞག་ནུག

ད་རུང་ ཁོང་ཆ་ཁྱབ་ཀྱིས་ གཞུང་ལམ་བདའ་སྟེ་རྒྱུན་འགྲུལ་འཐབ་མི་ཚུ་ལུ་ དེབ་ཆུང་ཚུ་བཀྲམ་སྤེལ་འབད་དེ་ ཕྱགས་སྙིགས་ཀྱི་སྐོར་ལས་ གོ་བ་བརྡ་སྤྲོད་ཚུ་ཡང་ འབད་ཡོདཔ་ཨིན་མས།

ཆུ་ཁ་རྫོང་བདག་ སྤེན་པ་དབང་ཕྱུག་གིས་སླབ་མི་ནང་ རྫོང་ཁག་གིས་ ཕྱགས་བརྡར་ལས་རིམ་འགོ་འདྲེན་འཐབ་མི་འདི་ཡང་ གཞུང་ལམ་བདའ་སྟེ་ ཕྱགས་སྙིགས་ཀྱི་དཀའ་ངལ་ སེལ་ཐབས་ལུ་ཨིན་ཟེར་བཤད་ཅི།

གཞུང་ལམ་འདི་ཁ་ལུ་ ཕྱགས་སྙིགས་ཚུ་ཡང་ ཡར་མར་ བརྒྱུན་འགྲུལ་འཐབ་མི་ཚུ་གིས་ ག་མནོ་སར་བཀོག་མི་ལས་བརྟེན་ གང་དོ་ཡོདཔ་སྦེ་ཨིན་མས།

ཕྱགས་བརྡར་ལས་རིམ་འདི་ཡང་ འཛམ་གླིང་རི་དྭགས་མ་དངུལ་དང་ འབྲུག་མཐའ་འཁོར་ཉམས་སྲུང་བླ་གཏད་མ་དངུལ་གྱི་ མ་དངུལ་རྒྱབ་བསྐྱོར་འབད་དེ་འགོ་འདྲེན་འཐབ་ནུག

ཐིམ་ཕུག་དང་ཕུན་ཚོགས་གླིང་གི་ གཞུང་ལམ་བདའ་སྟེ་ ཕྱགས་སྙིགས་ཀྱི་སྐོར་ལས་ གནད་དོན་འདི་ དུས་ཅི་ སྤྱི་ཟླ་༣་པའི་ནང་ རྫོང་ཁག་ཚོགས་འདུ་ཚོགས་པའི་སྐབས་ལུ་ གསུང་གྲོས་གནང་ནུག