གཟའ་པ་སངས། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༡༩

ཀྲོང་གསར་བྲག་སྟེང་རྒེད་འོག་གི་མི་སེར་ཚུ་ རྒུད་འཐུས་འཐོབ་ནི་གི་དོན་ལས་ དུས་ཚོད་འགོར་ནི་ཨིནམ།

སྤྱི་ཟླ་༥ པའི་ཚེས་ ༡༤ ༢༠༡༧

༉ ཀྲོང་གསར་ བྲག་སྟེང་རྒེད་འོག་ནང་ལས་ མང་སྡེ་ཆུ་གློག་མེ་ལས་འགུལ་གྱི་རྒྱབ་འགལ་ལུ་ ཉོག་བཤད་ཡི་གུ་བཙུགས་མི་ཚུ་གིས་ ཁོང་གི་ རྒུད་འཐུས་འདི་ ལོག་སྟེ་བསྐྱར་ཞིབ་འབད་དེ་ ཐོབ་ནི་གི་དོན་ལས་ ད་རུང་ དུས་ཚོད་དུམ་གྲ་ཅིག་འགོར་ནི་ཨིན་མས།

ལས་འགུལ་ལས་བརྟེན་ཏེ་ ཉམས་རྒུད་འབྱུང་མི་ཚུ་ ཁོང་ལུ་ ཧེ་མ་ཐོབ་མི་ རྒུད་འཐུས་འདི་ལུ་ སེམས་དང་མ་ལྡན་པར་ རྫོང་ཁག་བདག་སྐྱོང་གི་ཁ་ཐུག་ལས་ བར་འཛུལ་འབད་དགོཔ་སྦེ་ ཞུ་བ་འབད་ཡོདཔ་ཨིན་མས།

ལས་འགུལ་གྱི་ལཱ་ཚུ་ལས་བརྟེན་ཏེ་ ཉམས་རྒུད་འབྱུང་ཡོད་མི་ ཁྱིམ་གུང་པ་༡༧ལུ་ དུས་ཅི་སྤྱི་ཟླ་༣པའི་ནང་ རྒུད་འཐུས་ དངུལ་ཀྲམ་༡༩༣ལས་ དངུལ་ཀྲམ་སྟོང་ཕྲག་༨ལྷགཔ་ཅིག་གི་བར་ན་ཐོབ་ནུག

འདི་ཡང་ ས་གནས་འདི་ནང་ལུ་ སྣུམ་འཁོར་ཆེ་བ་ཚུ་རྒྱུན་འབྲེལ་འཐབ་ཏེ་ ཁོང་གི་སྡོད་ཁྱིམ་ཚུ་ལུ་ གནོད་པ་འབྱུང་ཡོད་པའི་ རྒུད་འཐུས་སྦེ་ཨིན་མས།

རྫོང་ཁག་བདག་སྐྱོང་དང་ ལས་འགུལ་གཉིས་ མཉམ་འབྲེལ་གྱི་ཐོག་ལས་ གནོད་པ་འདི་ཚུ་ ཞིབ་དཔྱད་འབད་ཡོདཔ་ཨིན།

དེ་སྦེ་ རྒུད་འཐུས་ཐོབ་མི་འདི་ལུ་ མི་སེར་ཚུ་ སེམས་དང་མ་ལྡན་པར་ རྒུད་འཐུས་འདི་ ཁོང་རའི་ རྒེད་འོག་བདག་སྐྱོང་བརྒྱུད་དེ་ ལས་འགུལ་ལུ་ ལོག་སྟེ་སྤྲོད་ནུག

དེ་འབདཝ་ལས་བརྟེན་ཏེ་ འཕྲལ་ཁམས་ཅིག་ཁར་ རྫོང་ཁག་ཚོགས་འདུ་གིས་ རྫོང་ཁག་བདག་སྐྱོང་ལུ་ དུས་འཕྲོད་ལས་ བསྐྱར་ཞིབ་འབད་དགོཔ་སྦེ་ བཀའ་རྒྱ་གནང་ནུག

རྫོང་ཁག་གི་འགོ་དཔོན་ཚུ་གིས་བཤད་མི་ནང་ ལོ་བསྟར་སྨོན་ལམ་ཆེན་མོ་དང་ ཁ་ཐུག་བརྐྱབ་ལས་བརྟེན་ཏེ་ ད་ལྟོ་ དགོས་མཁོ་དང་བསྟུན་པའི་ བསྐྱར་ཞིབ་ཅིག་འབད་མ་ཚུགས་ཟེར་ཨིན་མས།

ཁོང་གི་ཁ་ཐུག་ལས་ ཤུལ་མའི་ཟླཝ་ནང་ མི་རློབས་དང་ཁྱིམ་གྱི་གྲངས་རྩིས་འདི་ མཇུག་བསྡུ་ཞིནམ་ལས་ འབད་འོང་ཟེར་ཨིན་མས། འདི་བཟུམ་སྦེ་ མང་སྡེ་ཆུ་གློག་མེ་ལས་འགུལ་ནང་ལས་ འགོ་དཔོན་ཚུ་གིས་སླབ་མི་ནང་ ཁོང་གི་ཁ་ཐུག་ལས་ རྫོང་ཁག་བདག་སྐྱོང་དང་འཁྲིལ་ཏེ་ར་ བསྐྱར་ཞིབ་འབད་དེ་ རྫོང་ཁག་གི་བཀའ་ག་ཅི་གནངམ་ཅིག་ ཕྱག་ཞུ་ནི་ཟེར་ཨིན་མས།