གཟའ་ཉི་མ། ༢༠༡༧ ཟླ་༡༢ པའི་སྤྱི་ཚེས་༡༦

ཀླུ་རྨང་རྒེད་འོག་ནང་ལུ་ གུང་སྟོང་བཞག་མི་ཚུ་གིས་ ལོ་རེ་ནང་ དངུལ་ཀྲམ་སྟོང་ཕྲག་༣་རེ་ སྤྲོད་དགོཔ།

སྤྱི་ཟླ་༥ པའི་ཚེས་ ༣ ༢༠༡༧

༉ བཀྲིས་སྒང་ ཀླུ་རྨང་རྒེད་འོག་ནང་ལུ་ གུང་སྟོང་ཡོད་མི་ ཇོ་བདག་ཚུ་གིས་ ད་ལས་ཕར་ རྒེད་འོག་ནང་ལུ་ ལོ་རེ་ནང་ དངུལ་ཀྲམ་སྟོང་ཕྲག་༣་རེ་ སྤྲོད་དགོ་ནི་ཨིན་མས།

ཏི་རུ་འདི་ཡང་ ས་ཁྲལ་གུང་ཁྲལ་ཚུ་བཏབ་ནི་དང་ རྒེད་འོག་འཛོམས་འདུ་གི་ཆད་ཚུ་གི་དོན་ལས་ ཟད་འགྲོ་བཏང་ནི་འབད་ བསྡུཝ་ཨིན་མས།

འདི་ཡང་ ཕྲལ་ཁམས་ཅིག་ཁར་ ཁྱིམ་སྟོངམ་སྦེ་བཞག་མི་གི་ངོ་ཚབ་ཚུ་དང་ རྒེད་འོག་བདག་སྐྱོང་གིས་ཁ་ཐུག་ལས་ ཁྲལ་འདི་ཚུ་ གུང་སྟོང་གི་ཇོ་བདག་ ཁོང་ར་ཆ་ཁྱབ་ཀྱིས་རང་ སྤྲོད་དགོཔ་སྦེ་ གྲོས་ཐག་བཅད་དེ་ཡོད་མི་ལས་བརྟེན་ཏེ་ཨིན།

འཛོམས་འདུ་འདི་ནང་ལུ་ ཁྱིམ་སྟོངམ་སྦེ་བཞག་མི་ ཇོ་བདག་ཕུད་རྡོག་གཅིག་རྐྱངམ་ཅིག་མ་གཏོགས་ གཞན་མི་ཚུ་གི་ར་ ངོ་ཚབ་ཚུ་རྐྱངམ་ཅིག་ འོང་ནུག

གུང་སྟོང་གི་ངོ་ཚབ་ཚུ་གིས་སླབ་མི་ནང་ ཇོ་བདག་ཚུ་གིས་ ས་ཁྲལ་དང་གུང་ཁྲལ་གྱི་དོན་ལས་ ཏི་རུ་ཚུ་བཏང་ཟེར་སླབ་རུང་ བསྐྱེལ་ནི་མེད་པར་ ད་ལྟོ་ཚུན་ཚད་ མང་ཤོས་ཅིག་རང་ ཁོང་ཆ་ཁྱབ་ཀྱིས་རང་ སྤྲོད་དགོཔ་ཐོན་ཏེ་ཡོད་ཟེར་བཤད་ཅི།

ཨིན་རུང་ ཐབས་ལམ་འདི་གིས་འབད་ འདི་བཟུམ་གྱི་སྟབས་མ་བདེཝ་ཚུ་ སེལ་ཚུགས་པའི་རེ་བ་ཡོདཔ་ཨིན་མས།

ཀླུ་རྨང་རྒཔོ་ དབང་འདུས་ཀྱིས་སླབ་མི་ནང་ ཐབས་ལམ་འདི་གིས་ གཡུས་ཁ་ལུ་མེད་མི་མི་ཚུ་ ལོག་སྟེ་རང་ གཡུས་ཁ་ལུ་འོང་བཅུག་བཞིནམ་ལས་ གུང་སྟོང་གི་གནད་དོན་འདི་ སེལ་ནི་ནང་ ལྷན་ཐབས་འབྱུང་ནི་གི་དོན་ལས་ འགོ་བཙུགས་དོ་ཟེར་བཤད་ཅི།

རྒེད་འོག་གིས་ཁ་ཐུག་ལས་ གུང་སྟོང་འབད་བཞག་མི་ཇོ་བདག་ཚུ་ལུ་ ཏི་རུ་དེ་སྦེ་བཙུགས་དགོཔ་སྦེ་བཟོ་སྟེ་ཡོད་མི་གི་སྐོར་ལས་ བརྡ་ལེན་ཚུ་འབད་ནི་ཨིན་མས།

བཀྲིས་སྒང་ ཀླུ་རྨང་རྒེད་འོག་ནང་ལུ་ ཁྱིམ་གུང་༧༠༠་ལྷགཔ་ཅིག་ཡོད་ས་ལས་ ད་རེས་ནངས་པར་ གུང་སྟོང་༨༥་འདུག