གཟའ་མིག་དམར། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༣

ཏཱ་ར་ཡ་ན་གཞི་ཚོགས་ཀྱི་ འགྲེམ་སྟོན་ལས་བརྟེན་ གྲོང་གསེབ་ཀྱི་མི་ཚུ་ལུ་ ཕན་ཐོགབྱུང་སྟེ་ཡོདཔ།

སྤྱི་ཟླ་༤ པའི་ཚེས་ ༢༩ ༢༠༡༧

༉ ཏཱ་ར་ཡ་ན་གཞི་ཚོགས་ཀྱི་ ལོ་བསྟར་འགྲེམ་སྟོན་འདི་ བཅའ་མར་གཏོགས་མི་ཚུ་གི་དོན་ལུ་ ལས་རིམ་ལས་ལྷག་སྟེ་ ཁག་ཆེཝ་སྦེ་འཐོན་ཏེ་འདུག

འདི་ཡང་ འགྲེམ་སྟོན་འདི་ལས་བརྟེན་ རྒྱལ་ཁབ་ནང་ལུ་ གྲོང་གསེབ་ལས་ཕར་ཡོད་པའི་ ཏཱ་ར་ཡ་ན་གཞི་ཚོགས་ཀྱི་ འཐུས་མི་སྡེ་ཚན་ཚུ་ལུ་ མི་སྡེ་དཔལ་འབྱོར་གྱི་གནས་སྟངས་ ཡར་དྲག་བཏང་ནི་གི་ གོ་སྐབས་འཐོབ་སྟེ་ཡོདཔ་ཨིན།

ལས་རིམ་འདི་ལས་བརྟེན་ ཕན་ཐོག་བྱུང་མི་ཚུ་གི་གྲལ་ལས་ གཅིག་ མོང་སྒར་རྫོང་ཁག་ བསྐྱེངས་མཁར་རྒེད་འོག་འདི་ཨིན་མས།

བསྐྱེངས་མཁར་རྒེད་འོག་ནང་ལས་ ཏཱ་ར་ཡ་ན་གཞི་ཚོགས་ཀྱི་ མི་སྡེའི་སྡེ་ཚན་གྱིས་ འདས་པའི་ལོ་༤་གི་རིང་ ལས་རིམ་འདི་ནང་ལུ་ བཅའ་མར་གཏོགས་ནུག

ཁོང་ཆ་ཁྱབ་ཀྱིས་ ལས་རིམ་འདི་ནང་ལུ་ རང་ལུགས་ཀྱི་ ཤིང་བཟོའི་ཐོན་སྐྱེད་ འབགཔ་དང་ ཆང་གི་པ་ལང་ དེ་ལས་ དྭ་པ་ཚུ་བཙོང་དོ་ཡོདཔ་ཨིན།

སྡེ་ཚན་གྱི་འཐུས་མི་ཅིག་ཨིན་མི་ ཡོན་ཏན་རྒྱ་མཚོ་གིས་སླབ་མི་ནང་ གཞི་ཚོགས་ཀྱི་རྒྱབ་བསྐྱོར་ལས་བརྟེན་ ཁོ་གི་གཡུས་ཁའི་ མི་ཚུ་གིས་ ཤིང་བཟོའི་ཐོན་སྐྱེད་ རྒྱ་ཆེ་དྲག་སྦེ་ བཟོ་ནི་འགོ་བཙུགས་ཏེ་ཡོད་ཟེར་བཤད་ཅི།

ད་རེས་ སྡེ་ཚན་འདི་ནང་ལུ་ འཐུས་མི་༧༠ཡོདཔ་ད་ ཁོང་ཆ་ཁྱབ་ཀྱིས་ ལས་རིམ་འདི་ནང་ལུ་བཅའ་མར་གཏོགས་ཞིནམ་ལས་ ཁོང་རའི་ འཐོན་སྐྱེད་འདི་ཚུ་བཙོང་སྟེ་ འོང་འབབ་མཐོ་ཤོས་རང་ དངུལ་ཀྲམ་འབུམ་༢དེ་རེ་ བཟོ་དོ་ཡོདཔ་ཨིན་མས།

སྐྱེངས་མཁར་རྒེད་འོག་བཟུམ་སྦེ་ ཏཱ་ར་ཡ་ན་གཞི་ཚོགས་ནང་ལུ་ འཐུས་མི་སྡེ་ཚན་སྦེ་འཛུལ་མི་ སྡེ་ཚན་གཞན་མི་ཚུ་ལུ་ཡང་ ཕན་ཐོག་བྱུང་སྟེ་འདུག

ལོ་བསྟར་བཞིན་དུ་རང་ གཞི་ཚོགས་འདི་ནང་ལུ་ འཐུས་མི་གསརཔ་ཚུ་ འཛུལ་བར་འོང་དོ་ཡོདཔ་ཨིན་མས།

ཉིནམ་༣གི་ ཏཱ་ར་ཡ་ན་ ལོ་བསྟར་འགྲེམ་སྟོན་ལས་རིམ་འདི་ཡང་ ནངས་པ་ མཇུག་བསྡུ་ནི་ཨིན་མས།