གཟའ་སྤེན་པ། ༢༠༡༧ ཟླ་༡༢ པའི་སྤྱི་ཚེས་༡༥

རྩིས་འཛིན་པ་ཚུ་ རྒེད་འོག་ནང་ལུ་རང་ དགོཔ་ཡོད་པའི་གྲོས་ཆོད།

སྤྱི་ཟླ་༣ པའི་ཚེས་ ༣༡ ༢༠༡༧

༉ སྤ་རོ་གི་ མི་སྡེའི་འགོ་འཁྲིདཔ་ཚུ་གིས་ རྫོང་ཁག་ཚོགས་འདུའི་སྐབས་ལུ་ ས་གནས་གཞུང་གི་བཅའ་ཁྲིམས་འདི་ནང་ལུ་ འགྱུར་བཅོས་མ་འབད་ཚུན་ཚོད་ རྒེད་འོག་གི་རྩིས་འཛིན་པ་ཚུ་ མི་བཏང་ནི་སྦེ་ གྲོས་ཐག་བཅད་དེ་འདུག

རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ སྤྱི་ཟླ་༤པའི་སྤྱི་ཚེས་༡ལས་ རྒེད་འོག་ཚུ་ནང་གི་ རྩིས་འཛིན་པ་ཚུ་ རྫོང་ཁག་བདག་སྐྱོང་ནང་ལུ་ གནས་སོར་བཏང་དགོཔ་སྦེ་ ཁྱབ་བསྒྲགས་འབད་དེ་ཡོདཔ་ཨིན་མས།

རྒཔོ་ཚུ་གིས་སླབ་མི་ནང་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ རྒེད་འོག་གི་རྩིས་འཛིན་པ་ཚུ་ག་ར་ རྫོང་ཁག་ལུ་རྩིས་སྤྲོད་དགོཔ་སྦེ་ ཁྱབ་བསྒྲགས་འབད་མི་འདི་ ས་གནས་གཞུང་གི་བཅའ་ཁྲིམས་དང་ རྒྱབ་འགལ་འགྱོཝ་མས་ཟེར་ཨིན་མས།

སྤ་རོ་རྫོང་ཁག་ཚོགས་འདུའི་ཁྲི་འཛིན་ ཚེ་རིང་རྡོ་རྗེ་གིས་སླབ་མི་ནང་ རྒེད་འོག་གི་རྩིས་འཛིན་པ་ཚུ་ཡང་ ལས་ཚབ་གོང་འཕེལ་བསྐྱར་ཞིབ་འབད་བའི་སྐབས་ རྩིས་འཛིན་པ་ཚུ་གིས་ ལཱ་འབད་དགོཔ་དེ་ཅིག་རང་མེདཔ་སྦེ་ཐོན་པའི་ཤུལ་ཨིན་མས་ཟེར་བཤད་ཅི།

ཨིན་རུང་ ལོ་ལྔ་འཆར་གཞི་༡༡་པ་དང་ཕྱདཔ་ད་ འཆར་ལོ་༡༢་པ་ནང་ལུ་ རྒེད་འོག་ཚུ་ནང་ལས་ཕར་ འཆར་དངུལ་མང་སུ་སྦེ་ཐོབ་ནི་ཨིནམ་ལས་ རྒེད་འོག་གི་རྩིས་འཛིན་པ་ཚུ་གིས་ཡང་ ཉིནམ་རེ་ནང་ དུས་ཡུན་ཆུ་ཚོད་༦་ལས་ལྷག་སྟེ་ ལཱ་འབད་དགོཔ་ཐོན་འོང་ཟེར་ཨིན་མས།

འདི་འབདཝ་ལས་ རྩིས་འཛིན་པ་ཚུ་ཡང་ རྒེད་འོག་ནང་ལུ་རང་བཞག་ཚུགས་པ་ཅིན་ སྟབས་བདེ་ནི་མས་ཟེར་བཤད་ཅི།

ད་རུང་ རྒཔོ་ཆ་ཁྱབ་ཀྱིས་སླབ་མི་ནང་ རྩིས་འཛིན་པ་ཚུ་ རྒེད་འོག་ནང་ལས་ རྫོང་ཁག་ནང་ལུ་ཡར་སོང་པ་ཅིན་ ཁོང་ མི་སྡེའི་འགོ་འཁྲིདཔ་ཚུ་ལུ་ བྱ་སྟབས་མ་བདེཝ་ སྦོམ་སྦེ་རང་ ཐོན་ནི་མས་ཟེར་ཨིན་མས།