གཟའ་སྤེན་པ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༠

ཨ་ལོ་རྨས་སྐྱེས་ ཤི་རྐྱེན་འབྱུང་མི་གི་ཚད་ མར་ཕབ་འབད་ནི་གི་འཆར་སྣང་།

སྤྱི་ཟླ་༣ པའི་ཚེས་ ༣༡ ༢༠༡༧

༉ གསོ་བའི་ལྷན་ཁག་གིས་ ཨ་ལོ་རྨས་སྐྱེས་ སྐྱེལ་ལོ་༡་གི་དམན་ཆད་འབད་མི་ཚུ་ ཤི་རྐྱེན་འབྱུང་མི་གི་ཚད་གཞི་འདི་ ལོ་དག་པ་ཅིག་གི་ནང་འཁོད་ ལེ་ཤཱ་གིས་རང་ མར་ཕབ་འབད་ནི་གི་འཆར་སྣང་ཅིག་བཟོ་སྟེ་འདུག

ཨིན་རུང་ སྐྱེས་རྒྱུན་འཕྲོད་བསྟེན་ལས་རིམ་གྱི་ ལས་རིམ་འགོ་དཔོན་ པདྨ་ལས་འཕྲོ་གིས་སླབ་མི་ནང་ འཆར་སྣང་འདི་ ནམ་གྲུབ་ཚུགས་ག་ ད་ལྟོ་ གཏན་གཏན་ཅིག་སྦེ་ སླབ་མི་ཚུགས་པས་ཟེར་བཤད་ཅི།

གསོ་བའི་ལྷན་ཁག་གིས་ འཆར་སྣང་འདི་གྲུབ་ནི་གི་དོན་ལུ་ སྤྱི་ལོ་༢༠༡༤་ལུ་ རྒྱལ་ཡོངས་ཨ་ལོའི་འཕྲོད་བསྟེན་གྱི་ཐབས་བྱུས་ཅིག་བཟོ་སྟེ་ཡོདཔ་མ་ཚད་ སྤྱི་ལོ་༢༠༡༦་གི་ཚེ་ ཨ་ལོ་སྐྱེས་ཚརཝ་ཅིག་རང་འབད་མི་ ཨ་ལོ་རྨས་སྐྱེས་ཚུ་གི་དོན་ལས་ཡང་ དྭངས་ལེན་འཆར་གཞི་ཅིག་ བཟོ་སྟེ་འདུག་

འདི་བཟུམ་སྦེ་ གསོ་བའི་ལྷན་ཁག་གིས་ སྤྱི་ལོ་༡༩༩༤་ལས་རང་ ཨ་ལོ་རྨས་སྐྱེས་ཤི་རྐྱེན་བྱུང་ནི་ལས་ བཀག་ཐབས་འབད་ནི་གི་དོན་ལུ་ བརྩོན་ཤུགས་སྐྱེད་དེ་རང་འདུག

འདི་ཡང་ ཨ་ལོའི་ཨའི་དང་ཨ་ལོའི་ཉེན་སྲུང་གི་ལས་རིམ་འགོ་བཙུགས་མི་དང་ གློ་འབུར་ཨ་ལོ་དང་ཨའི་བདག་འཛིན་ལྟེ་བ་གཞི་བཙུགས་འབད་མི་ འདི་བཟུམ་སྦེ་ སྤྱི་ལོ་༢༠༠༧་ལུ་ ཨ་ལོ་དང་ཨའི་གི་གསོ་བའི་ལག་དེབ་འགོ་བཙུགས་མི་ཚུ་ཨིན་མས།

ད་རུང་ ཕྲལ་ཁམས་ཅིག་ཁར་ རྒྱལ་ཁབ་ནང་གི་ གསོ་བའི་ལས་བྱེདཔ་༡༠༠་ལྷགཔ་ཅིག་ལུ་ ཨ་ལོ་སྐྱེསཝ་ཅིག་རང་འབད་མི་དང་ཨའི་ཚུ་ བདག་འཛིན་འབད་ཐངས་ཁང་ཆེ་བའི་སྐོར་ལས་ སྦྱོང་བརྡར་ཅིག་ཡང་ འགོ་འདྲེན་འཐབ་ནུག

རྒྱལ་ཡོངས་གསོ་བའི་ཞིབ་འཇུག་དང་འཁྲིལ་བ་ཅིན་ ཧེ་མ་ ཨ་ལོ་སྟོང་ཕྲག་གཅིག་སྐྱེས་བའི་སྐབས་༤༧་ལུ་ ཤི་རྐྱེན་བྱུང་ས་ལས་ ད་རེས་ནངས་པར་༣༠་གུར་ མར་ཕབ་འབད་དེ་ཡོདཔ་སྦེ་ཨིན་མས།

ཨ་ལོ་ཚུ་ལུ་ ཤི་རྐྱེན་བྱུང་མི་འདི་ཡང་ དབུག་བཏོང་ལེན་དང་འབྲེལ་བའི་ནད་གཞི་དང་ ལྤགས་ཀོ་གི་ནད་གཞི་ དེ་ལས་ ཆུ་དང་གཙང་སྦྲ་འཕྲོད་བསྟེན་མེད་པའི་གནད་དོན་ཚུ་ལས་བརྟེན་ཏེ་ཨིན་མས།