གཟའ་ལྷག་པ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༡༧

ཁེངས་སྨད་ལུ་ དཔའ་བོ་དང་རྣལ་འབྱོརམ་ཚུ་ ཉམས་འགྱོ་དོ་ཡོདཔ།

སྤྱི་ཟླ་༢ པའི་ཚེས་ ༢༨ ༢༠༡༧

༉ གཞལ་སྒང་ ཁེངས་སྨད་ལུ་ ན་གཞོན་མང་ཤོས་ཅིག་གིས་རང་ དཔའ་བོ་དང་རྣལ་འབྱོརམ་འབད་ནི་ནང་ སྤྲོ་བ་བསྐྱེད་མི་བཏུབ་དོ་ཡོདཔ་ལས་ ཉམས་འགྱོ་དོ་ཡོདཔ་སྦེ་ཨིན་མས།

ད་རེས་ འདི་བཟུམ་གྱི་དཔའ་བོ་དང་རྣལ་འབྱོརམ་འདི་ གྱངས་ཁ་ཆོདཔ་ཅིག་ལས་བརྒལ་མེདཔ་ད་ འདི་ཚུ་གི་གྲལ་ལས་ ཅིག་འདི་ འཕངས་མཁར་རྒེད་འོག་གི་ པཱན་སྟངས་གཡུས་ཚན་ནང་ལས་ སྐྱེས་ལོ་༥༠་ལང་མི་ རྣལ་འབྱོརམ་ཉིམ་སྒྲོལམ་འདི་ཨིན་མས།

ཉིམ་སྒྲོལམ་འདི་ ཨ་ལོ་༥་གི་ཨའི་ཨིནམ་ད་ མོ་གིས་ རྣལ་འབྱོརམ་འབད་ནི་གི་རིག་རྩལ་འདི་ཡང་ སྐྱེས་ལོ་༤༥་འབད་སྡོད་པའི་སྐབས་ ལྷབ་ནུག

མོ་གིས་སླབ་མི་ནང་ སྨན་བཅོས་ཀྱིས་ མི་ཚུ་ལུ་ཕན་ཐོག་ཡོད་རུང་ ལྷ་གསོལ་འབད་ནི་འདི་ཡང་ འདྲན་འདྲ་འབད་རང་ ཁག་ཆེ་ཟེར་ཨིན་མས།

འདི་འབདཝ་ལས་ མོ་གིས་ ལྷ་གསོལ་འབད་ནི་འདི་ཡང་ ཁེ་བསང་གི་དོན་ལས་མེན་པར་ མི་ཚུ་ལུ་ ཕན་ཐོག་འབྱུང་ནི་གི་དོན་ལས་འབདཝ་ཨིན་ཟེར་བཤད་ཅི།

ཨིན་རུང་ ཉིམ་སྒྲོལམ་གིས་སླབ་མི་ནང་ ཁོང་གི་གཡུས་ཚན་ནང་ལུ་ མི་ག་ཡང་ དཔའ་བོ་དང་རྣལ་འབྱོརམ་འབད་ནི་ནང་དངས་འདོད་མེདཔ་ལས་ རྣལ་འབྱོརམ་མཇུག་འདི་རང་ མོ་འོང་ནི་མས་ཟེར་ཨིན་མས།

ཁེངས་སྨད་ལུ་ དཔའ་བོ་དང་རྣལ་འབྱོརམ་འདི་ཡང་ ལྷམ་པ་གཉིས་འབད་ཡོདཔ་ད་ འདི་ཡང་ ཅིག་འདི་ ཕྱི་རུ་ལྷ་གསོལ་མི་དང་ གཞན་མི་འདི་ ཉི་མ་ལྷ་གསོལ་མི་ཨིན་མས།