གཟའ་ཕུར་བུ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༡༨

སྤ་རོ་རྒྱལ་སྤྱི་གནམ་གྲུ་ཐང་གི་ སྣུམ་འཁོར་བཞག་ས་ནང་་བཞག་མི་ སྣུམ་འཁོར་ཚུ་ལས་ འཐུས་ལེན་ནི་ཨིནམ།

སྤྱི་ཟླ་༢ པའི་ཚེས་ ༢༦ ༢༠༡༧

༉ སྤ་རོ་རྒྱལ་སྤྱི་གནམ་གྲུ་ཐང་གི་ སྣུམ་འཁོར་བཞག་སའི་ས་སྒོ་ནང་ལུ་ སྣུམ་འཁོར་མ་ཤོང་པའི་དཀའ་ངལ་སེལ་ཐབས་དང་ འགྲུལ་པ་ཚུ་གི་ཉེན་སྲུང་གི་དོན་ལུ་ ཤུལ་མའི་ཟླཝ་ནང་ལས་ ས་སྒོ་འདི་ནང་བཞག་མི་ སྣུམ་འཁོར་ཚུ་ལས་ འཐུས་བསྡུ་ནི་ཨིན་མས།

མཁའ་འགྲུལ་ལས་ཁུངས་དང་འཁྲིདཔ་ད་ གནམ་གྲུ་ཐང་ནང་ལས་ ཕྱི་ཁ་འཐོན་སའི་ ས་སྒོ་ནང་ལུ་ གླ་འཁོར་ཚུ་བཞག་སའི་ས་སྒོ་ གསརཔ་འདི་ཡང་ ལག་ལེན་འཐབ་ནི་ འགོ་བཙུགས་འོང་ཟེར་ཨིན་མས།

འབྲུག་མཁའ་འགྲུལ་གྱིས་ སྤ་རོ་རྒྱལ་སྤྱི་གནམ་གྲུ་ཐང་གི་ས་སྒོ་ནང་ལུ་ སྣུམ་འཁོར་བཞག་སའི་ས་སྒོ་ཚུ་ གཙོ་རིམ་དང་འཁྲིལ་ ཁག་སོ་སོ་སྦེ་བཟོ་སྟེ་ཡོདཔ་ད་ གླ་འཐུས་ཚུ་ཡང་ དེ་དང་འཁྲིལ་ཏེ་ལེན་ནི་ཨིན་མས།

སྣུམ་འཁོར་བཞག་སའི་ ས་སྒོ་༤ཡོད་མི་གི་གྲལ་ལས་ འཐུས་མཐོ་ཤོས་རང་ གནམ་གྲུ་ཐང་གི་སྦོ་ལོགས་ཁར་ཡོད་པའི་ ས་སྒོ་དང་པའི་ནང་ལུ་ཕོག་ནི་ཨིནམ་ད་ འདི་ཡང་ ས་སྒོ་འདི་ནང་ལུ་ སྣུམ་འཁོར་ དུས་ཡུན་སྐར་མ་༣༠བཞག་མི་ཚུ་ལས་ འཐུས་དངུལ་ཀྲམ་༡༠༠རེ་ ལེན་ནི་ཨིན་མས།

ཨིན་རུང་ སྣུམ་འཁོར་ཆེ་བ་ཚུ་ལས་འབད་བ་ཅིན་ འཐུས་ དངུལ་ཀྲམ་༥༠རེ་ ཐེབས་ལེན་ནི་ཨིན་མས།

གནམ་གྲུ་ཐང་འདི་ནང་ལས་ ཐག་རིང་སར་ཅིག་ཁར་ བཟོ་སྟེ་ཡོད་མི་ སྣུམ་འཁོར་བཞག་སའི་ས་སྒོ་ ཁག་༤་པ་ནང་བཞག་མི་ སྣུམ་འཁོར་ཚུ་འབད་བ་ཅིན་ འཐུས་སྤྲོད་མི་དགོ་ནི་ཨིན་མས།

མཁའ་འགྲུལ་ལས་ཁུངས་ཀྱི་་མདོ་ཆེན་ ཀརྨ་དབང་ཕྱུག་གིས་སླབ་མི་ནང་ སྣུམ་འཁོར་བཞག་སའི་ ས་སྒོ་ཚུ་ནང་ རྒྱལ་སྤྱིའི་གནམ་གྲུ་ཐང་གི་གནས་ཚད་དང་འཁྲིལ་ཏེ་ དུས་ཅི་ སྤྱི་ཟླ་༥་པའི་ནང་ལས་ འཐུས་བསྡུ་ནི་གི་ལམ་ལུགས་ཅིག་ བཙུགས་འོང་ཟེར་ཨིན་མས།

འདི་བཟུམ་སྦེ་ འགོ་དཔོན་ཚུ་དང་འཁྲིདཔ་ད་ འགྲུལ་པ་ཚུ་གི་བདེ་ཐབས་ལུ་ སྔོན་སྤྲོད་གླ་འཁོར་གྱི་ ཞབས་ཏོག་ཚུ་ཡང་ འགོ་བཙུགས་འོང་ཟེར་བཤད་ཅི།

སྔོན་སྤྲོད་གླ་འཁོར་གྱི་ ཞབས་ཏོག་བྱིན་ནི་གི་ཐད་ལུ་ ཐོ་བཀོད་འབད་དེ་ཡོད་པའི་ གླ་འཁོར་ཇོ་བདག་ཚུ་མ་གཏོགས་ གླ་འཁོར་བཏང་མི་ག་རང་གིས་ ཞབས་ཏོག་འདི་ བྱིན་མི་ཆོག་ནི་ཨིན་མས།