གཟའ་སྤེན་པ། ༢༠༡༧ ཟླ་༡༢ པའི་སྤྱི་ཚེས་༡༥

ཕུན་ཚོགས་གླིང་སྨན་ཁང་ནང་ལུ་ མོ་ནད་མཁས་མཆོག་ གཅིག་ལས་འགལ་མེདཔ།

སྤྱི་ཟླ་༢ པའི་ཚེས་ ༢༦ ༢༠༡༧

༉ ཕུན་ཚོགས་གླིང་སྨན་ཁང་ནང་ལུ་ མོ་ནད་མཁས་མཆོག་ གཅིག་ལས་འགལ་མེད་མི་ལུ་བརྟེན་ མོ་ནད་དང་འབྲེལ་བའི་ གསོ་བའི་ཞབས་ཏོག་བྱིན་ནི་ནང་ལུ་ གདོང་ལེན་བྱུང་སྟེ་འདུག

རྒྱལ་ཁབ་ནང་ལུ་ སྨན་བཅོས་ཀྱི་དོན་ལས་ ནདཔ་འོང་མི་ གྱངས་ཁ་མཐོ་ཤོས་ཅིག་ ཐིམ་ཕུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གི་འོག་ལས་ར་ ཕུན་ཚོགས་གླིང་སྨན་ཁང་འདི་ཨིན་མས།

སྨན་ཁང་གིས་བཀོད་མི་ནང་ སྨན་ཁང་འདི་ནང་ལུ་ ཉིམ་རེ་ནང་ ནདཔ་༥༠དེ་ཅིག་ འོང་མས་ཟེར་བཤད་ཅི།

ད་རེས་ཡོད་པའི་ མོ་ནད་མཁས་པ་འདི་ ས་གནས་གཞན་ཁར་འགྱོ་བའི་སྐབས་ སྨན་ཁང་འདི་གིས་ བློ་འབུར་གྱི་ནདཔ་འཐོན་མི་ཚུ་ ཐིམ་ཕུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ བཏང་དགོཔ་འཐོན་ཏེ་འདུག

ལམ་ལུགས་དང་འཁྲིལཔ་ད་ ཕུན་ཚོགས་གླིང་འདི་ ཉལ་ཁྲི་༥༠ཤོང་པའི་ སྨན་ཁང་ཅིག་འབདཝ་ལས་ སྨན་ཁང་འདི་ནང་ལུ་ མོ་ནད་མཁས་མཆོག་ གཅིག་ལས་འགལ་ཐོབ་ནི་གི་ འོས་འབབ་མེདཔ་ཨིན་མས།

གསོ་བའི་དྲུང་ཆེན་ དྲོག་ཀྲར་ཨོ་རྒྱན་རྡོ་ཕུག་གིས་སླབ་མི་ནང་ རྒྱལ་ཁབ་ནང་འཁོད་ལུ་ར་ མོ་ནད་མཁས་པ་ ༩རྐྱངམ་ཅིག་ཡོདཔ་ལས་ ལངམ་སྦེ་མེད་ཟེར་བཤད་ཅི།

ད་རུང་  ཁོ་གིས་སླབ་མི་ནང་ ལོ་གཉིས་ཀྱི་རྒྱབ་ལས་ ད་རུང་ར་ མོ་ནད་མཁས་པ་༦འཐོན་ནི་ཨིན་རུང་ ཕུན་ཚོགས་གླིང་སྨན་ཁང་གི་དོན་ལས་ མོ་ནད་མཁས་པ་ཅིག་ ཐོབ་ག་མི་ཐོབ་ སླབ་མི་ཤེས་པས་ཟེར་ཨིན་མས།

དར་ལ་དང་ལྷ་མོའི་རྫིང་ཁ་ དེ་ལས་ བསམ་རྩེ་ཚུ་ནང་ལས་ མི་སེར་ཚུ་གིས་ ཕུན་ཚོགས་གླིང་སྨན་ཁང་ནང་ལུ་འོངམ་ཨིན་མས།