གཟའ་མིག་དམར། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༣

ཆོས་འཕྲུལ་ཟླ་བའི་དུས་བཟང་ལུ་ ཤ་བཙོང་ཐག་མ་ཆོགཔ།

སྤྱི་ཟླ་༢ པའི་ཚེས་ ༢༦ ༢༠༡༧

༉ རང་ཟླ་དང་པ་ ཆོས་འཕྲུལ་ཟླ་བའི་ དུས་བཟང་ལུ་ ཁྲིམས་འགལ་གྱི་ཐོག་ལས་ ཤ་བཙོང་མི་ཚུ་ བཀག་ཐབས་ལུ་ འབྲུག་སོ་ནམ་དང་ ཟ་ཆས་ཁྲིམས་དོན་དབང་འཛིན་གྱིས་ ཁ་ཙ་ ཚོང་ཁང་ཚུ་ནང་ལས་ཕར་ ཞིབ་དཔྱད་འབད་དེ་ ཤ་བཞག་སྟེ་ཡོད་མི་ཚུ་ བཀོག་ཡོདཔ་ཨིན།

ཨིན་རུང་ ཁྱེགས་དམ་སྟེ་ཡོད་པའི་ ཤ་འདི་ཚུ་ ཐིའུ་བརྐྱབ་ཞིནམ་ལས་ ཐོ་བཀོད་འབད་དེ་ ཁྱེགས་སྒྲོམ་ཚུ་ནང་བཙུགས་ཡོདཔ་ཨིན་རུང་ ཤ་འདི་ཚུ་ ཟླཝ་དངམ་ མཇུག་བསྡུ་ཞིནམ་ལས་ བཙོང་བཅུག་ནི་ཨིན་མས།

ད་རིས་ལས་ འགོ་བཙུགས་ཏེ་ ཟླཝ་ཅིག་གི་རིང་ ཤའི་རིགས་བཙོང་ནི་ཚུ་ བཀག་ཆ་འབདཝ་ཨིན་མས།

ཤ་ཁང་ལ་ལོ་ཅིག་གིས་ ཤ་བཀག་བསྡམ་གྱི་དུས་ཚོད་ལུ་ཡང་ ཤའི་རིགས་ཚུ་བཙོང་མི་ལུ་བརྟེན་ འདས་པའི་ལོ་དག་པ་ཅིག་གི་ཧེ་མ་ལས་ ཞིབ་དཔྱད་དམ་དམ་སྦེ་ར་ འབད་ནི་འགོ་བཙུགས་ནུག

འབྲུག་སོ་ནམ་དང་ཟ་ཆས་ཁྲིམས་དོན་དབང་འཛིན་གྱི་ ཞིབ་དཔྱད་པ་ བསོད་ནམས་ཆོས་སྐྱིད་ཀྱིས་སླབ་མི་ནང་ ཤ་བཙོང་ནི་བཀག་བསྡམ་འབད་མི་འདི་ཡང་ སྒོ་ནོར་གྱི་ལམ་ལུགས་དང་སྒྲིག་གཞི་༢༠༠༨ཅན་མ་དང་ སྒོ་ནོར་གྱི་བཅའ་ཁྲིམས་༢༠༠༡ཅན་མ་དང་འཁྲིལ་ཏེ་ཨིན་ཟེར་བཤད་ཅི།

ད་ལས་ཕར་ ཟླཝ་༡་གི་རིང་ འབྲུག་སོ་ནམ་དང་ཟ་ཆས་ཁྲིམས་དོན་དབང་འཛིན་གྱི་ འགོ་དཔོན་ཚུ་གིས་ ཁྲིམས་འགལ་གྱི་ཐོག་ལས་ ཤ་བཙོང་མི་ཚུ་ ལྟ་རྟོགས་འབད་ནིའི་དོན་ལས་ འགེག་སྲུང་དང་ འཛུལ་སྒོ་ག་རའི་ནང་ལུ་ ཞིབ་དཔྱད་ཚུ་འབད་ནི་ཨིན་མས།

ག་དེམ་ཅིག་སྦེ་ ལམ་ལུགས་ལུ་ མ་གནས་མི་རེ་འཐོན་པ་ཅིན་ འདི་ཚུ་ལུ་ཉེས་བྱ་འདི་ གཞུང་བཞེས་འབད་དེ་ཡོད་པའི་ ཤའི་རིགས་ཀྱི་གོང་ཚད་ ལོག་སྟབས་སྦེ་བཀལ་ནི་ཨིན་མས།