གཟའ་པ་སངས། ༢༠༡༧ ཟླ་༡༢ པའི་སྤྱི་ཚེས་༡༤

སྲིད་དོན་ཚོགས་པ་གསརཔ་བཟོ་བའི་བསྒང་ཨིན་མི་ འབྲུག་དགའ་སྐྱིད་ཚོགས་པ།

སྤྱི་ཟླ་༢ པའི་ཚེས་ ༩ ༢༠༡༧

༉ ད་རེས་ནངས་པར་ འབྲུག་དགའ་སྐྱིད་ཚོགས་པ་ཟེར་མི་ སྲིད་དོན་ཚོགས་པ་གསརཔ་གཅིག་ བཟོ་བའི་བསྒང་ཡོད་མི་འདི་ ཐོ་བཀོད་གྲུབ་པ་ཅིན་ སྤྱི་ལོ་༢༠༡༨་ཀྱི་ སྤྱི་ཚོགས་ཀྱི་བཙག་འཐུ་ནང་ལུ་དོ་འགྲན་འབད་མི་ ད་རུང་རང་ སྲིད་དོན་ཚོགས་པ་གསརཔ་ཅིག་འོང་ནི་ཨིན་མས།

སྲིད་དོན་ཚོགས་པ་འདི་ཡང་ ཞི་བའི་བཟོ་རིག་པ་ཅིག་ཨིན་མི་ ཆོས་སྐུ་འབྲུག་པ་གིས་འགོ་འདྲེན་ཐོག་ལས་ བཟོ་བའི་བསྒང་འདུག

པདྨ་དགའ་ཚལ་ལས་ཨིན་མི་ ཆོས་སྐུ་འབྲུག་པ་གིས་ ཞི་གཡོག་ནང་ལུ་ ལོ་༡༠་གི་རིང་ཕྱག་ཞུ་ཡོདཔ་མ་ཚད་ འབྲུག་བཟོ་བསྐྲུན་ཚོགས་པ་ནང་ལུ་ཡང་ ཕྱག་ཞུ་ནུག

ད་རེས་ ཆོས་སྐུ་འདི་ ཐིམ་ཕུག་ལུ་ སྒེར་གྱི་ལས་སྡེ་ཅིག་ནང་ ལཱ་འབད་བའི་བསྒང་ཡོདཔ་ཨིན་མས།

ཆོས་སྐུ་འབྲུག་པ་གིས་སླབ་མི་ནང་ ཁོང་ཆ་ཁྱབ་ཀྱིས་ སྲིད་དོན་ཚོགས་པ་བཟོ་བའི་བསྒང་ཡོད་མི་འདི་ཡང་ རྩ་བ་གསུམ་ལུ་ཕྱག་ཞུ་ནི་དང་ དམངས་གཙོའི་རིང་ལུགས་ཡར་དྲག་བཏང་ནི་ནང་ ཁག་ཆེ་བའི་འགན་ཁུར་འབག་ནི་གི་དོན་ལུ་ཨིན་ཟེར་བཤད་ཅི།

ད་རེས་ འབྲུག་དགའ་སྐྱིད་ཚོགས་པ་འདི་གིས་ ཚོགས་པའི་བཀའ་ཁྲིམས་བཟོ་ནི་གི་ལཱ་ཚུ་ འབད་བའི་བསྒང་རང་ཡོདཔ་མ་ཚད་ ལྕོགས་གྲུབ་ཡོད་པའི་མི་ངོམ་ཚུ་ཡང་ འཚོལ་བའི་བསྒང་རང་འདུག

ཆོས་སྐུ་འབྲུག་པ་གིས་སླབ་མི་ནང་ ཁོང་གི་ཚོགས་པ་འདི་ མགྱོགས་པ་རང་ བཙག་འཐུ་ལྷན་ཚོགས་ནང་ལུ་ ཐོ་བཀོད་འབད་ནི་གི་འཆར་གཞི་བརྩམ་སྟེ་ཡོད་ཟེར་ཨིན་མས།