གཟའ་སྤེན་པ། ༢༠༡༧ ཟླ་༡༢ པའི་སྤྱི་ཚེས་༡༥

མི་དབང་རྒྱལ་སྲས་མཆོག་གི་ འཁྲུངས་སྐར་དུས་སྟོན་བརྩི་སྲུང་དང་འབྲེལ་ འབྲུག་རྒྱལ་རྫོང་གི་གསེར་རྟོག་བཀལ་གནང་ཡོདཔ།

སྤྱི་ཟླ་༢ པའི་ཚེས་ ༦ ༢༠༡༧

༉ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ མི་དབང་རྒྱལ་སྲས་མཆོག་ དགུང་ལོ་གཅིག་བཞེས་པའི་ འཁྲུངས་སྐར་དུས་སྟོན་ བརྩི་སྲུང་མཛད་གནང་མི་དང་འབྲེལ་ སྤ་རོ་ འབྲུག་རྒྱལ་རྫོང་གི་དབུ་རྩེ་གུ་ གསེར་རྟོག་བཀལ་གནང་པའི་ རྟེན་འབྲེལ་ནང་ལུ་ དབུ་བཞུགས་མཛད་གནང་ཡི།

དུས་རབས་༡༧་པའི་ནང་ལུ་བཞེངས་ཏེ་ཡོད་མི་ འབྲུག་རྒྱལ་རྫོང་གསར་བཞེང་འབད་ནི་གི་ལས་འགུལ་འདི་ཡང་ ན་ཧིང་ མི་དབང་རྒྱལ་སྲས་མཆོག་སྐུ་འཁྲུངས་པའི་ཉིནམ་དང་འབྲེལ་ གསལ་བསྒྲགས་གནང་སྟེ་ཡོདཔ་ཨིན།

རྫོང་གསར་བཞེངས་འབད་ནི་གི་ལཱ་ངོ་མ་འདི་ ན་ཧིང་ སྤྱི་ཟླ་༨་པའི་ནང་ལས་ འགོ་བཙུགས་ཡོདཔ་ད་ ད་ལྟོ་ཚུན་ཚད་ ལཱ་བརྒྱ་ཆ་༡༥་དེ་ཅིག་གྲུབ་སྟེ་འདུག

འདི་བཟུམ་སྦེ་  མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ མི་དབང་རྒྱལ་སྲས་མཆོག་གི་འཁྲུངས་སྐར་དུས་སྟོན་འགོ་དང་པ་འདི་ ཐིམ་ཕུག་ སེམས་རྟོགས་ཁ་རྫོང་ནང་ལུ་ མཆོད་མེ་དང་སྨོན་འདེབས་ཚུ་ཕུལ་ཏེ་ བརྩི་སྲུང་མཛད་གནང་ཡི།

དུས་སྟོན་བརྩི་སྲུང་འདི་ཁ་ལུ་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་དང་ མི་དབང་རྒྱལ་བཙུན་མཆོག་ དེ་ལས་ མི་དབང་རྒྱལ་སྲས་མཆོག་ཡང་ བྱོན་གནང་ནུག

དེ་བསྒང་ གཞུང་དང་གཞུང་གྲྭ་ཚང་ དེ་ལས་ དམག་སྡེ་དང་མི་སེར་གྱི་ངོ་ཚབ་ཚུ་གིས་ མི་དབང་རྒྱལ་སྲས་མཆོག་གི་འཁྲུངས་སྐར་དུས་སྟོན་ འགོ་དང་པ་བརྩི་སྲུང་ཞུ་ནི་གི་དོན་ལུ་ ཕུལ་ཆ་ཚུ་ཕུལ་ཡོདཔ་ཨིན།

སོ་ནམ་དང་ནགས་ཚལ་ལྷན་ཁག་གིས་ཡང་ མི་སེར་ཚུ་གི་ཧོངས་ལས་སྦེ་ མི་དབང་རྒྱལ་སྲས་མཆོག་ལུ་ རང་ལུགས་ཀྱི་འབུལ་བ་ གསོལ་བམ་དང་སྦྲགས་ཏེ་ ཆིབས་རྟ་དང་རོ་ཁྱི་ཚུ་ ཕུལ་ཡི།

མི་དབང་རྒྱལ་སྲས་མཆོག་གི་འཁྲུངས་སྐར་དུས་སྟོན་བརྩི་སྲུང་ཞུ་མི་དང་འབྲེལ་ འབྲུག་དང་རྒྱ་གར་གྱི་ས་གནས་ཐདམ་ཐད་ཁ་ལས་ཕར་ ཉ་དང་གཡག་ དེ་ལས་ བྱ་དང་ར་སྟོང་ཕྲག་ལས་བཅད་དེ་ ཚེ་ཐར་བཏང་ནུག