གཟའ་ལྷག་པ། ༢༠༡༧ ཟླ་༩ པའི་སྤྱི་ཚེས་༢༦

མི་དབང་རྒྱལ་སྲས་མཆོག་གི་ ལོ་རིང་གི་མཛད་བྱ།

སྤྱི་ཟླ་༢ པའི་ཚེས་ ༦ ༢༠༡༧

༉ མི་དབང་རྒྱལ་སྲས་མཆོག་སྐུ་འཁྲུངས་པའི་ འཁྲུངས་སྐར་དུས་སྟོན་འགོ་དང་པ་ བརྩི་སྲུང་ཞུ་མི་དང་འབྲེལ་ཏེ་ མི་དབང་རྒྱལ་སྲས་མཆོག་སྐུ་འཁྲུངས་བཞིནམ་ལས་ཚུར་ དུས་སྟོན་ག་ཅི་བཟུམ་ཅིག་ར་བྱུང་སྟེ་ཡོདཔ་ཨིན་ན་ཚུ་ སེམས་ཁར་དྲན་ནི་གི་ དུས་ཚོད་ཅིག་ཡང་ཨིན།

ལོ་གཅིག་གི་ཧེ་མ་ འབྲུག་གི་རྒྱལ་རབ་ནང་ལུ་ དབང་ཕྱུག་བརྒྱུད་འཛིན་ ཆུ་རྒྱུན་སྤེལ་བའི་ མི་དབང་རྒྱལ་སྲས་བྱང་ཆུབ་སེམས་དཔའ་མཆོག་ སྐུ་འཁྲུངས་ཡོདཔ་ཨིན།

མི་དབང་རྒྱལ་སྲས་མཆོག་ གུ་རུ་རིན་པོ་ཆེ་ སྐུ་འཁྲུངས་པའི་ལོ་དང་ ཞབས་དྲུང་ངག་དབང་རྣམ་རྒྱལ་ ལྷོ་འབྲུག་ལུ་ཕེབས་ཏེ་ མི་ལོ་༤༠༠འཁོར་བའི་ལོ་ ཁྱད་པར་ཅན་དང་འབྲེལ་ཏེ་ སྐུ་འཁྲུངས་ཡོདཔ་ཨིན།

མི་དབང་རྒྱལ་སྲས་མཆོག་སྐུ་འཁྲུངས་པའི་ གནས་ཚུལ་བཟང་པོ་འདི་གོཝ་ཅིག་ར་ མི་སེར་ཚུ་གི་སེམས་ཁར་ལུ་ དགའ་བ་དང་སྤྲོ་བ་སྦོམ་སྦེ་ར་བྱུང་ཡོདཔ་དང་ འདི་དང་འབྲེལ་ཏེ་ རྒྱལ་ཁབ་ནང་གི་ ལྷ་ཁང་དགོཔ་སྡེ་ཚུ་ནང་ལས་ཕར་ དམིགས་བསལ་གྱི་སྨོན་ལམ་ཚུ་གནང་ཡོདཔ་ཨིན།

མི་དབང་རྒྱལ་སྲས་མཆོག་ སྐུ་འཁྲུངས་སྟེ་སྦེ་ ཟླཝ་༢ལྷགཔ་ཅིག་གི་ཤུལ་མ་ སྤུ་ན་ཁ་རྫོང་ནང་ལུ་སྦེ་ ཞབས་དྲུང་སྐུ་མཆོད་ཀྱི་ དུས་བཟང་ཁྱད་པར་ཅན་དང་འབྲེལ་ཏེ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ མི་དབང་རྒྱལ་སྲས་མཆོག་གི་མཚན་འདི་ འཇིགས་མེད་རྣམ་རྒྱལ་དབང་ཕྱུག་སྦེ་ གསལ་བསྒྲགས་གནང་ཡོདཔ་ཨིན།

འདི་བསྒང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ འཇིགས་མེད་ཟེར་མི་འདི་ འཇིགས་པ་མ་པ་ལས་མེད་པར་ མ་འོངས་པའི་ནང་ རྒྱལ་ཁབ་སྐྱོང་བའི་དུས་ལུ་ གནས་སྟངས་ག་བཟུམ་ཅིག་བྱུང་སྟེ་འབད་རུང་ ཐུགས་སྟོབས་ཆེ་བའི་སྒོ་ལས་ སྐྱོང་ནི་གི་བརྡ་ཚན་ཨིན་ཟེར་གསུང་ཡི།

Get the Flash Player to see the wordTube Media Player.

དེ་ལས་ རྣམ་རྒྱལ་ཟེར་མི་འདི་ ཕྱོགས་བཞི་ལས་རྣམ་པར་རྒྱལ་ནི་དང་ མི་བདེ་བའི་དཀའ་སྡུག་ག་ར་ལས་ རྒྱལ་ནི་གི་བརྡ་ཚན་ལུ་ཨིནམ་དང་ འདི་ཡང་ གུ་རུ་རིན་པོ་ཆེ་གིས་ལུང་བསྟན་བཞིན་ རྒྱལ་ཁབ་ནང་ལུ་ ནང་པའི་ཆོས་ལུགས་དར་ཁྱབ་མཛད་གནང་མི་ ཞབས་དྲུང་ངག་དབང་རྣམ་རྒྱལ་ལས་ རྗེས་སུ་མཇུག་སྟེ་ མཚན་སྲོལཝ་ཨིན་ཟེར་གསུང་ཡི།

འདི་བཟུམ་འབད་ དབང་ཕྱུག་འདི་ རྒྱལ་བརྒྱུད་འཛིན་མི་ དབང་ཕྱུག་བརྒྱུད་འཛིན་གྱི་ མཚན་ཨིནམ་སྦེ་ གསུང་གནང་ཡི།

མི་དབང་རྒྱལ་སྲས་མཆོག་ སྐུ་འཁྲུངས་པའི་གནས་ཚུལ་འདི་ རྒྱལ་སྤྱིའི་བརྡ་བརྒྱུད་ཚུ་ནང་ལས་ཕར་ཡང་བཏངམ་མ་ཚད་ སྐུ་པར་ཚུ་ཡང་དཔར་བསྐྲུན་འབད་དེ་ ལས་རིམ་ཚུ་ནང་ལས་ཕར་ མི་དབང་རྒྱལ་སྲས་མཆོག་གིས་ཡང་ དབུ་བཞུགས་མཛད་གནང་ཡོདཔ་ཨིན།

དེ་ལས་ སྤྱི་ལོ་༢༠༡༦སྤྱི་ཟླ་༦་པའི་སྤྱི་ཚེས་༡༡ རང་ལུགས་གནམ་ལོ་མེ་ཕོ་སྤྲེལ་ལོའི་ སྤྲེལ་གྱི་ཟླ་ ཉིནམ་སྤྲེལ་ཕོགཔ་དང་འབྲེལ་ཏེ་ མི་དབང་རྒྱལ་སྲས་མཆོག་གིས་ འགོ་དང་པ་ འབྲུག་གི་ཤར་ཕྱོགས་ཁ་ཐུག་ལུ་ གཟིགས་བསྐོར་གནང་པ་བྱོན་ཡོདཔ་ཨིན།

གཟིགས་བསྐོར་གྱི་སྐབས་ལུ་ མི་དབང་མངའ་ཞབས་མཆོག་དང་ མི་དབང་རྒྱལ་བཙུན་མཆོག་གིས་གཙོས་ཏེ་ མི་དབང་རྒྱལ་སྲས་མཆོག་ སྟག་སྐྱིད་ལ་ གུ་རུ་ལྷ་ཁང་ནང་ལུ་ སྨོན་འདེབས་ཕུལ་བ་བྱོན་གནང་ཡི།

འདི་ནང་ལས་སྦེ་ དབང་ཕྱུག་བརྒྱུད་འཛིན་གྱི་ ཕ་ཁྱིམ་ སྐུར་སྟོད་གདུང་དཀར་ལུ་ བྱོན་གནང་ཡོདཔ་ཨིན།

འདི་བསྒང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ནག་ཚང་འདི་ནང་གི་ གུ་རུ་ལྷ་ཁང་ནང་ལུ་སྦེ་ གཏེར་བཏོན་པདྨ་གླིང་པའི་དུས་ལས་ཚུར་ར་ དབང་ཕྱུག་བརྒྱུད་འཛིན་གྱི་ གདུང་བརྒྱུད་རྣམས་ཀྱི་ མཚན་དེབ་འདི་ནང་ལུ་ མི་དབང་རྒྱལ་སྲས་མཆོག་གི་མཚན་འདི་ ཐོ་བཀོད་མཛད་གནང་ཡི།

འདི་བཟུམ་འབད་ སྤྱི་ཟླ་༨པའི་ནང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ མི་དབང་རྒྱལ་བཙུན་མཆོག་གིས་དབུ་གཙོས་ཏེ་ མི་དབང་རྒྱལ་སྲས་མཆོག་ བུམ་ཐང་ལུ་ མི་དབང་རྒྱལ་བཙུན་མཆོག་གི་ ཕ་ཁྱིམ་ངོ་མའི་ནང་ གཟིགས་ཞིབ་གནང་ཡི།

འདི་བསྒང་ མི་སྡེ་ནང་གི་འགོ་འཁྲིདཔ་ཚུ་དང་ སློབ་ཕྲུག་ཚུ་ དེ་ལས་ ཆོས་སྡེ་ཁག་དང་ མི་སེར་ཚུ་གི་སྦེ་ ཚོགས་ཆང་ཕུལ་ཏེ་ མི་དབང་རྒྱལ་སྲས་བྱོན་པའི་དུས་སྟོན་འདི་ དགའ་དགའ་སྤྲོ་སྤྲོ་གི་གོ་ལས་ བརྩི་སྲུང་ཞུ་ཡོདཔ་ཨིན།

དེ་ལས་ སྤྱི་ལོ་༢༠༡༦ སྤྱི་ཟླ་༡༢པའི་སྤྱི་ཚེས་༡༧ལུ་ མི་དབང་རྒྱལ་སྲས་མཆོག་གིས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ གསེར་ཁྲི་གུར་ལུ་ཕེབས་ཏེ་ མི་ལོ་༡༠འཁོར་བའི་དུས་སྟོན་དང་འབྲེལ་ རྒྱལ་ཡོངས་དུས་ཆེན་འདི་ ཀྲོང་གསར་གྱི་མི་སེར་ཚུ་དང་ཅིག་ཁར་སྦེ་ བརྩི་སྲུང་མཛད་གནང་ཡི།

ཀྲོང་གསར་ལུ་བཞུགས་པའི་རིང་ མི་དབང་རྒྱལ་སྲས་མཆོག་གིས་ མི་དབང་མངའ་ཞབས་མཆོག་དང་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་ དེ་ལས་ མི་དབང་རྒྱལ་བཙུན་མཆོག་རྣམས་དང་ལྷན་བཞུགས་སྦེ་ རྒྱལ་རབ་དང་ལྡན་པའི་ ཀྲོང་གསར་རྫོང་ནང་ལུ་ གཟིགས་བསྐོར་གནང་ཡོདཔ་ཨིན།

ད་རེས་ མི་དབང་རྒྱལ་སྲས་མཆོག་སྐུ་འཁྲུངས་ཏེ་སྦེ་ འབྲུག་མི་ཡོངས་ཀྱི་བརྒྱུད་ལུ་ དགའ་བ་དང་སྤྲོ་བ་ཚད་མེདཔ་ཅིག་བྱུང་ཏེ་ ལོ་ཅིག་འགྱོ་བའི་དུས་སྟོན་དང་འབྲེལ་ མི་དབང་རྒྱལ་སྲས་མཆོག་སྐུ་འཁྲུངས་མི་འདི་གིས་ མི་དབང་མངའ་ཞབས་མཆོག་གི་ ཐུགས་ཀྱི་དགོངས་བཞེད་ མི་དབང་རྒྱལ་སྲས་མཆོག་ རྒྱལ་སྲས་རྐྱངམ་ཅིག་མེན་པར་ འབྲུག་མི་ཡོངས་ཀྱི་སྲས་བཟུམ་ཅིག་སྦེ་ སྐུ་བཞེངས་ནི་གི་དགོངས་བཞེད་འདི་གྲུབ་ཨིན་མས།