གཟའ་སྤེན་པ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༠

དྭངས་ཆུ་རྒེད་འོག་ལྟེ་བའི་ ལམ་གྱི་གནས་སྟངས་ སྐྱོ་དྲག་སྦེ་ཡོད་མི་ལུ་ མི་སེར་ཚུ་ སེམས་དང་མ་ལྡན་པར་ཡོདཔ།

སྤྱི་ཟླ་༡ པའི་ཚེས་ ༣༡ ༢༠༡༧

༉ དབང་འདུས་ཕོ་བྲང་རྫོང་ཁག་ དྭངས་ཆུ་རྒེད་འོག་ལྟེ་བའི་འཁོར་ལམ་ རྩིས་ནག་བཏང་ཚར་སྟེ་ ཟླཝ་གཅིག་གི་རྒྱབ་ལས་ ལམ་གྱི་གནས་སྟངས་ སྐྱོ་དྲག་སྦེ་འགྱོ་མི་ལུ་བརྟེན་ རྒེད་འོག་འདི་ནང་གི་མི་སེར་ཚུ་ སེམས་དང་མ་ལྡན་པར་འདུག

འདི་ཡང་ ལམ་རྩིས་ནག་བཏང་སྟེ་ ཟླཝ་གཅིག་གི་རྒྱབ་ལས་རང་ ལམ་གྱི་ས་གནས་མང་ཤོས་ཅིག་ནང་ ཧ་ཀ་ཧོ་ཀ་འཐོན་ཏེ་ཡོད་མི་ལུ་བརྟེན་ཏེ་ཨིན་མས།

དྭངས་ཆུ་རྒེད་འོག་གི་ འཁོར་ལམ་འདི་ཡང་ དབང་འདུས་ཕོ་བྲང་དང་ ཀྲོང་གསར་གྱི་གཞུང་ལམ་ཁར་ལས་ རྒེད་འོག་ལྟེ་བ་ཚུན་ཚོད་ ཀི་ལོ་མི་ཀྲར་༡༨ དེ་ཅིག་ རྩི་ནག་བཏང་སྟེ་ཡོདཔ་ཨིན།

ཆརཔ་མ་ཆད་པར་རང་རྐྱབ་མི་ལུ་བརྟེན་ ལམ་རྩི་ནག་བཏང་ནི་གི་ལཱ་འདི་ ཚར་གཅིག་ མཚམས་འཇོགས་འབད་དེ་བཞག་ཡོདཔ་ཨིན་རུང་ ན་ཧིང་ སྤྱི་ཟླ་༡༡པའི་ནང་ལས་ རྩི་ནག་བཏང་ནི་གི་ལཱ་ཚུ་ འཕྲོ་མཐུད་དེ་འབད་ནི་འགོ་བཙུགས་ནུག

རྒེད་འོག་བདག་སྐྱོང་གིས་ ལམ་གྱི་སྤུས་ཚད་ ལེགས་ཤོམ་མེད་པའི་སྐར་ལས་ ལོད་སྦི་ས་ལུ་ཡོད་པའི་ ལམ་སེལ་ལས་ཁུངས་དང་ རྫོང་ཁག་བདག་སྐྱོང་ལུ་ སྙན་ཞུ་འབད་དེ་འདུག

གནད་དོན་འདི་གི་སྐོར་ལས་ ལོད་སྦི་ས་ལུ་ཡོད་པའི་ ལམ་སེལ་ལས་ཁུངས་ནང་ལས་ བཟོ་རིག་གཙོ་འཛིན་འགོ་དཔོན་གྱིས་སླབ་མི་ནང་ ལམ་མེདཔ་ཐལ་མི་འདི་ ས་གནས་འདི་ནང་གི་ སའི་ཚ་དྲོད་ བསིལ་དྲག་སྦེ་ཡོད་མི་ལུ་བརྟེན་ཏེ་ ཨིན་ཟེར་བཤད་ཅི།

ཨིན་རུང་ གནམ་དགུན་གྱི་དུས་ཚོད་ མཇུག་བསྡུ་བའི་ཤུལ་ལུ་ ལམ་རྩི་ནག་བཏང་ནི་གི་ལཱ་འབད་མི་ ཁ་འབག་འདི་ལུ་ ཉམས་བཅོས་ཀྱི་ལཱ་ འབད་དགོཔ་སྦེ་སླབ་སྟེ་འདུག

འདི་བཟུམ་སྦེ་ ལམ་སེལ་ལས་ཁུངས་ཀྱིས་ ལམ་གྱི་སྤུས་ཚད་ ག་དེ་སྦེ་རང་འདུག་ག་ མཚན་རིག་རྟགས་ཞིབ་ཅིག་ཡང་ འགོ་འདྲེན་འཐབ་ནི་ཨིན་མས།

རྒེད་འོག་ལྟེ་བའི་ འཁོར་ལམ་རྩི་ནག་བཏང་ནི་འདི་ཡང་ ཆུའི་གཡུར་བ་བཅོས་ཁ་བརྐྱབ་ནི་དང་ གཞན་ ཁ་སྐོང་ཉམས་བཅོས་ཀྱི་ལཱ་ཚུ་རྩིས་ཏེ་ ཟད་འགྲོ་དངུལ་ཀྲམ་ ས་ཡ་༥༢དང་འབུམ་༢་གི་ཐོག་ལས་ འབད་ཡོདཔ་ཨིན་མས།