གཟའ་སྤེན་པ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༠

རྒྱལ་ཡོངས་ནང་འཁོད་འཐོན་སྐྱེད་ཡོངས་འབོར་གྱི་ཚད་གཞི་འདི་ ཡར་སེང་སོང་སྟེ་ཡོདཔ།

སྤྱི་ཟླ་༡ པའི་ཚེས་ ༣༡ ༢༠༡༧

༉ འབྲུག་གི་ རྒྱལ་ཡོངས་ནང་འཁོད་འཐོན་སྐྱེད་ཡོངས་འབོར་འདི་ དངུལ་ཀྲམ་ས་ཡ་སྟོང་ཕྲག་༡༣གིས་ ཡར་སེང་སོང་སྟེ་ཡོདཔ་ད་ འདི་ཡང་ སྤྱི་ལོ་༢༠༡༥ལུ་ དངུལ་ཀྲམ་ས་ཡ་སྟོང་ཕྲག་༡༡༩འབད་ས་ལས་ སྤྱི་ལོ་༢༠༡༥ལུ་ དངུལ་ཀྲམ་ས་ཡ་སྟོང་ཕྲག་༡༣༢ལུ་ ཡར་སེང་སོང་སྟེ་ཡོདཔ་སྦེ་ཨིན་མས།

རྒྱལ་གཞུང་དངུལ་ལས་དབང་འཛིན་གྱི་ སྙན་ཞུ་༢༠༡༦ཅན་མ་དང་འཁྲིདཔ་ད་ དེ་སྦེ་ རྒྱལ་ཡོངས་ཐོན་སྐྱེད་ཡོངས་འབོར་གྱི་ཚད་ ཡར་སེང་འགྱོ་མི་འདི་ཡང་ བཟོ་བསྐྲུན་དང་ གློག་མེ་ལས་འཛིན་ཚུ་ལས་བརྟེན་ཏེ་ ཨིནམ་སྦེ་མཐོང་ནུག

རྒྱལ་ཡོངས་ནང་འཁོད་ཐོན་སྐྱེད་ཡོངས་འབོར་འདི་ རྒྱལ་ཁབ་ཀྱི་དཔལ་འབྱོར་ ལས་སྣ་ཚུ་ལུ་ རག་ལས་ནི་ཨིན་མས།

རྒྱལ་ཡོངས་ནང་འཁོད་ཐོན་སྐྱེད་ཡོངས་འབོར་ལུ་ ཁེ་ཕན་བྱུང་མི་ ལས་སྡེ་༡༢ཡོད་ས་ལས་ བཟོ་བསྐྲུན་གྱི་ལས་སྡེ་འདི་ ནང་འཁོད་ཐོན་སྐྱེད་ཡོངས་འབོར་ལུ་ འོང་འབབ་བཟོ་མི་ མཐོ་ཤོས་ཅིག་ཨིན་མས།

འདི་ཡང་ རྒྱལ་ཡོངས་ནང་འཁོད་ཐོན་སྐྱེད་ཡོངས་འབོར་ ཡར་སེང་འགྱོ་མི་གི་གནས་ཚད་ བརྒྱ་ཆ་༦དང་ཚག་༥འབད་ས་ལས་ བཟོ་བསྐྲུན་ལས་སྡེ་གིས་ འོང་འབབ་བརྒྱ་ཆ་༡དང་ཚག་༤༨བཟོ་སྟེ་ཡོདཔ་ད་ འདི་གི་འོག་ལས་རང་ གློག་མེ་ལས་སྡེ་གིས་ འོང་འབབ་བརྒྱ་ཆ་༡དང་ཚག་༢༧ལྷན་ཐབས་འབད་དེ་འདུག

སྤྱིར་བཏང་ལུ་ ད་རེས་ཀྱི་ རྒྱལ་ཡོངས་ནང་འཁོད་ཐོན་སྐྱེད་ཡོངས་འབོར་ ཡར་སེང་འགྱོ་བའི་ གནས་ཚད་ནང་ལུ་ བཟོ་གྲྭ་ལས་སྡེ་གིས་ འོང་འབབ་བརྒྱ་ཆ་༣དང་ཚག་༥ ལྷན་ཐབས་འབད་དེ་ཡོདཔ་ད་ ཞབས་ཏོག་ལས་སྡེ་ཚུ་གིས་ འོང་འབབ་བརྒྱ་༢དང་ཚག་༥བཟོ་སྟེ་འདུག

འདི་བཟུམ་སྦེ་ སོ་ནམ་ལས་སྡེ་ནང་ལས་ རྒྱལ་ཡོངས་ནང་འཁོད་ཐོན་སྐྱེད་ཡོངས་འབོར་ལུ་ འོང་འབབ་ཉུང་སུ་ཅིག་བཟོ་སྟེ་ཡོདཔ་ད་ འདི་ཡང་ ལས་སྡེ་འདི་གིས་ འོང་འབབ་བརྒྱ་ཆ་༠དང་ཚག་༦ལས་འགལ་ བཟོ་མ་ཚུགསཔ་ཨིན་མས། འབྲུག་རྒྱལ་ཁབ་ནང་ལུ་ སྤྱི་ལོ་༢༠༡༣ལོའི་ནང་ཚར་ཅིག་ དཔལ་འབྱོར་གྱི་གནས་སྟངས་འདི་ མར་ཕབ་འགྱོ་བའི་ཤུལ་མ་ རྒྱལ་ཡོངས་ནང་འཁོད་ཐོན་སྐྱེད་ཡོངས་འབོར་གྱི་ཚད་འདི་ འགོར་ལས་སྦེ་ ཡར་སེང་སོང་ཡོདཔ་ཨིན།