གཟའ་ལྷག་པ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༤

མི་དབང་མངའ་ཞབས་མཆོག་གིས་ ཟླཝ་༡༢པའི་ལོ་གསར་འདི་ བསམ་གྲུབ་ལྗོངས་མཁར་ལུ་ བརྩི་སྲུང་མཛད་གནང་ཡོདཔ།

སྤྱི་ཟླ་༡ པའི་ཚེས་ ༢༨ ༢༠༡༧

༉ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ད་རིས་ རང་ཟླ་༡༢་པའི་ལོ་གསར་འདི་ ཤར་ཕྱོགས་རྫོང་ཁག་གི་ མི་སེར་ཚུ་དང་ཅིག་ཁར་ བསམ་གྲུབ་ལྗོངས་མཁར་ལུ་སྦེ་ བརྩི་སྲུང་མཛད་གནང་ཡི།

མི་དབང་མངའ་ཞབས་མཆོག་ གཟའ་ཕུརབ་གི་ཚེ་ བསམ་གྲུབ་ལྗོངས་མཁར་ལུ་ ཕེབས་གནང་ཡོདཔ་ཨིན།

མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ལོ་གསར་བརྩི་སྲུང་གི་དོན་ལུ་ འཛོམས་ཏེ་ཡོད་མི་ ལུང་ཕྱོགས་ཀྱི་མི་སེར་ཚུ་ལུ་ ལོ་གསར་གྱི་ལྟོ་ཁ་གནང་ཡི།

ལོ་གསར་འདི་ཡང་ མདའ་རྩེད་དང་ རང་ལུགས་སྤྲོ་སྟོན་གྱི་ལས་རིམ་ཚུ་ འགོ་འདྲེན་འཐབ་སྟེ་ བརྩི་སྲུང་གནང་ནུག

ད་རུང་ ཁ་བརྗེད་རྒྱན་ཤོག་གི་ལས་རིམ་དང་འབྲེལ་ མི་སེར་ཚུ་གིས་ གསོལ་རས་ཚུ་ཡང་འཐོབ་ནུག

མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ཕྱག་ཞུ་སྟེ་ མི་དབང་རྒྱལ་ཚབ་ འཇིགས་མེད་རྡོ་རྗེ་དབང་ཕྱུག་མཆོག་ཡོདཔ་ཨིན།

དེ་བཟུམ་སྦེ་ རྒྱལ་ཁབ་ཀྱི་ས་གནས་ག་རའི་ནང་ལུ་ བཅུ་གཉིས་པའི་ལོ་གསར་འདི་ ཕམ་སྤུན་ཆ་དང་ གཉེན་ཉེཝ་ཚུ་ གཅིག་ཁར་འཛོམས་སྟེ་ བརྩི་སྲུང་འབད་ཡོདཔ་མ་ཚད་ རང་ལུགས་ཀྱི་རྩེདམོ་ཚུ་ནང་ གྲལ་ཁར་གཏོགས་ཏེ་ དགའ་སྤྲོ་བཏོན་ཡོདཔ་ཨིན།

ཟླཝ་བཅུ་གཉིས་པའི་ལོ་གསར་འདི་ ལོ་བསྟར་བཞིན་དུ་ རང་ཟླ་༡༢པའི་ ཚེས་༡ལུ་ བརྩི་སྲུ་ཞུ་དོ་ཡོདཔ་ད་ འདི་ཡང་ དུས་རབས་༡༧པའི་ནང་བྱོན་ཡོད་མི་ མཐུ་ཆེན་ཆོས་ཀྱི་རྒྱལ་པོ་ ཞབས་དྲུང་ངག་དབང་རྣམ་རྒྱལ་ལུ་ བཀའ་དྲིན་རྗེ་དྲན་ཞུ་ནི་གི་དོན་ལུ་ བརྩི་སྲུང་འབད་དོ་ཡོདཔ་ཨིན།