གཟའ་མིག་དམར། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༣

སྤྱི་ལོ་༢༠༡༨ལས་ ནང་འཁོད་ལས་སྤེལ་བའི་ཚད་ནད་མེདཔ་སྦེ་བཟོ་ནི།

སྤྱི་ཟླ་༡༢ པའི་ཚེས་ ༣༠ ༢༠༡༦

༉ འབྲུག་རྒྱལ་ཁབ་ཀྱིས་ སྤྱི་ལོ་༢༠༡༨ལས་ ནང་འཁོད་ལས་སྤེལ་བའི་ ཚད་པའི་ནད་གཞི་འདི་ མེདཔ་སྦེ་བཟོ་ནི་ཨིན་མས།

ཚད་པའི་ནད་ རྩ་མེད་བཏང་ནི་གི་དོན་ལས་ མི་དམངས་གསོ་བའི་ལས་ཁུངས་ཀྱི་འོག་ལུ་ཡོད་པའི་ འབུབ་སྤེལ་ནད་རིགས་བཀག་ཐབས་ལས་རིམ་གྱིས་ ལཱ་ཚུ་འབད་བའི་བསྒང་འདུག

གསོ་བ་དང་འཁྲིལ་བ་ཅིན་ རྒྱལ་ཁབ་ནང་ལུ་ སྤྱི་ལོ་༢༠༡༣ལས་ཚུར་ ཚད་ནད་ལས་བརྟེན་ཏེ་ མི་གཅིག་ལུ་ཡང་ ཤི་རྐྱེན་མ་བྱུངམ་མ་ཚད་ ཚད་ནད་ཐོབ་མི་གི་གྱངས་ཁ་འདི་ཡང་ མར་ཕབ་འགྱོ་སྟེ་ཡོདཔ་སྦེ་ཨིན་མས།

འདི་ཡང་ སྤྱི་ལོ་༢༠༡༥་ལུ་ ཚད་ནད་ཐོབ་མི་གི་གྱངས་ཁ་འདི་༡༠༠་ལྷགཔ་ཅིག་འབད་ས་ལས་ དུས་ཅི་ གྱངས་ཁ་འདི་ ༤༧་ལུ་མར་ཕབ་འགྱོ་སྟེ་འདུག

ཨིན་རུང་ ལོ་བསྟར་བཞིན་དུ་ ཚད་པའི་ནད་གཞི་ཚུ་ བརྒྱ་ཆ་༦༠ལྷགཔ་ཅིག་རང་ ནད་གཞི་ཐོབ་སྟེ་ཡོད་མི་ ཕྱི་རྒྱལ་གྱི་མི་འོང་མི་ཚུ་ནང་ལས་ ཐོབ་དོ་ཡོདཔ་སྦེ་ཨིན་མས།

དགེ་ལེགས་ཕུག་ལུ་ཡོད་པའི་ འབུབ་སྤེལ་ནད་རིགས་བཀག་ཐབས་ལས་རིམ་གྱི་ ལས་རིམ་གཙོ་འཛིན་འགོ་དཔོན་ རིན་འཛིན་རྣམ་རྒྱལ་གྱིས་སླབ་མི་ནང་ ཚད་ནད་དང་འབྲེལ་བའི་གནད་དོན་ཚུ་ ས་མཚམས་ཁ་ལས་ཕར་འཐོན་དོ་ཡོདཔ་ལས་ རྒྱ་གར་དང་གཅིག་ཁར་ ཁ་ཡང་སླབ་སྟེ་ཡོད་ཟེར་བཤད་ཅི།
འབྲུག་རྒྱལ་ཁབ་ཀྱིས་ སྤྱི་ལོ་༢༠༢༠ལུ་ འཛམ་གླིང་གསོ་བའི་ཚོགས་པ་ནང་ལས་ ཚད་ནད་རྩ་མེད་བཏང་ཡོད་པའི་ ངོས་འཛིན་ལག་ཁྱེར་འཐོབ་ནི་ལུ་ དམིགས་གཏད་སྐྱེད་དོ་ཡོདཔ་ཨིན་མས།

ཚད་པའི་ནད་གཞི་འདི་ ཟན་དོམ་གྱིས་སོ་བཏབ་མི་ལུ་བརྟེན་ཏེ་ ཐོབ་དོ་ཡོདཔ་ད་ ནད་གཞི་འདི་ཐོབ་ད་ལུ་ དྲོད་འབར་རྐྱབ་ ཁ་ལས་བསྐྱུགས་དོ་ཡོདཔ་ཨིན་མས།