གཟའ་ཉི་མ། ༢༠༡༨ ཟླ་༧ པའི་སྤྱི་ཚེས་༢༡

རྒྱལ་གཞུང་ཟློས་གར་སློབ་སྦྱོང་ལྟེ་བའི་ནང་ལུ་ སྦྱོང་བརྡར་འབད་མི་ཚུ་ ལག་ཁྱེར་ཐོབ་ནི་ཨིནམ།

སྤྱི་ཟླ་༡༡ པའི་ཚེས་ ༢༣ ༢༠༡༦

rapa-to-formulate-curriculum༉ ད་ལས་ཕར་ རྒྱལ་གཞུང་ཟློས་གར་སློབ་སྦྱོང་ལྟེ་བའི་ནང་ལུ་ སྦྱོང་བརྡར་འབད་མི་ཚུ་གིས་ ལོ་༤གི་སྦྱོང་བརྡར་ མཇུག་བསྡུ་བའི་ཤུ་ལུ་ ལག་ཁྱེར་ཅིག་འཐོབ་ནི་ཨིན་མས།

འདི་ཡང་ ལྟེ་བ་འདི་གཞི་བཙུགས་འབད་དེ་ མི་ལོ་༦༢སོང་སྟེ་ཡོདཔ་ཨིན་རུང་ ད་ལྟོ་ཚུན་ཚོད་ ལྟེ་བ་འདི་ནང་གི་ སྦྱོང་བརྡར་འབད་མི་ གཅིག་ལུ་ཡང་ ལག་ཁྱེར་འདི་ མ་བྱིན་པར་འདུག

རྒྱལ་ཁབ་ཀྱི་ རིག་གཞུང་དང་ ལམ་སྲོལ་བཟངམོ་ཚུ་ ད་ལྟོའི་བར་ན་ཡང་ རྒྱལ་ཁབ་གོང་འཕེལ་གྱི་ལས་སྣ་ ག་ཅི་བཟུམ་ནང་འབད་རུང་ གཞི་འགྱམ་བཟུམ་ཅིག་སྦེ་ བརྩི་མཐོང་སྐྱེད་དོ་ཡོདཔ་ཨིན།
དེ་འབདཝ་ལས་ ལྟེ་བ་འདི་ནང་གི་ སྦྱོང་བརྡར་འབད་མི་ཚུ་ལུ་ ལག་ཁྱེར་འབྱིན་མི་འདི་གིས་ རང་ལུགས་སྔར་སྲོལ་ལམ་ལུགས་ཚུ་ འཕྲོ་འཐུད་དེ་རང་ བདག་འཛིན་འཐབ་ནི་ལུ་ ལྷན་ཐབས་འབྱུང་ནི་ཨིན་མས།

འཕྲལ་ཁམས་ཅིག་ཁར་ ཉིམ་༥གི་རིང་ལུ་ གྲོས་འཛོམས་ཅིག་ཚོགས་པའི་སྐབས་ རྒྱལ་གཞུང་ ཟློས་གར་སློབ་སྦྱོང་ལྟེ་བ་དང་ ལས་གཡོག་ལྷན་ཁག་གཉིས་ མཉམ་འབྲེལ་གྱི་ཐོག་ལས་ རྩ་གཞུང་གི་གནས་ཚད་ཅིག་ བཟོ་སྟེ་ཡོདཔ་ཨིན་མས།

ད་ལས་ཕར་ མགྱོགས་པ་རང་ སྦྱོང་བརྡར་འབད་མི་ཚུ་གི་དོན་ལུ་ རྩ་གཞུང་གཅིག་ བརྩམ་ནི་ཨིན་མས།

རྒྱལ་གཞུང་ ཟློས་གར་སློབ་སྦྱོང་ལྟེ་བའི་ ཞིབ་འཚོལ་འགོ་དཔོན་ ཀུན་བཟང་རྡོ་རྗེ་གིས་སླབ་མི་ནང་ ལྟེ་བ་འདི་ནང་ལུ་ རྩ་གཞུང་གཏན་ཏོག་ཏོ་ཅིག་མེད་མི་ལུ་བརྟེན་ ད་ལྟོ་ཚུན་ཚོད་ སྦྱོང་བརྡར་མཐར་འཁྱོལ་མི་ཚུ་ལུ་ ལག་ཁྱེར་བྱིན་མ་ཚུགས་པར་ཡོད་ཟེར་བཤད་ཅི།

ལྟེ་བ་འདི་ནང་ལས་ སྦྱོང་བརྡར་མཐར་འཁྱོལ་མི་ཚུ་གིས་ རྒྱལ་ཡོངས་གཙུག་ལག་འོག་མའི་ཤེས་ཚད་ མཐར་འཁྱོལ་བའི་ཤུལ་ལུ་ མཐོ་རིམ་ཤེས་ཚད་སྦྱང་ནི་གི་ གོ་སྐབས་ཡང་འཐོབ་ནི་ཨིན་མས།

ལག་ཁྱེར་འདི་ཡང་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ ངོས་ལེན་འབད་ནི་ཨིནམ་ད་ འདི་ལས་བརྟེན་ ལྟེ་བ་འདི་ནང་ལུ་ སྦྱོང་བརྡར་འབད་མི་ བརྒྱ་ལྷགཔ་ཅིག་ལུ་ ཕན་ཐོག་འབྱུང་ནི་ཨིན་མས།