གཟའ་ལྷག་པ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༡༧

དངུལ་ཁང་ནང་ལུ་ མི་ལེ་ཤཱ་ཅིག་རང་ རུ་པི་སོར་བར་འོང་དོ་ཡོདཔ།

སྤྱི་ཟླ་༡༡ པའི་ཚེས་ ༡༨ ༢༠༡༦

ic-exchange༉ ཐིམ་ཕུག་ལུ་ ཉིན་བསྟར་བཞིན་ དངུལ་ཁང་ཚུ་ནང་ལས་ཕར་ མི་བརྒྱ་ལས་བཅད་དེ་ རུ་པི་༥༠༠་ལོར་དང་སྟོང་ལོར་ཚུ་ དངུལ་ཁང་ནང་བཙུགས་ནི་དང་ སོར་བར་འོང་ནི་འགོ་བཙུགས་ཏེ་འདུག

འདི་ཡང་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱིས་ རུ་པི་ཚུ་ རྒྱ་གར་ལུ་ དུས་ཚོད་ཁར་ བཏང་ཚུགས་ནི་གི་དོན་ལས་ དངུལ་ཁང་ནང་ལུ་ རུ་པི་བཙུགས་ནི་དང་སོར་ནི་གི་དུས་ཚོད་འདི་ ད་རེས་ཟླ་མཇུག་ཚུན་བཟོ་བའི་ཤུལ་ཨིན།

མི་ཚུ་གིས་སླབ་མི་ནང་ ཁོང་ཆ་ཁྱབ་ རུ་པི་སོར་ནི་དང་བཙུགས་ནི་གི་དོན་ལས་ དངུལ་ཁང་ནང་ལུ་ ཤོག་འཛིན་ལེན་པར་ དྲོ་པ་ཆུ་ཚོད་༦་དེ་ཅིག་ལས་རང་ འོང་དགོཔ་ཐོན་མས་ཟེར་བཤད་ཅི།

འདི་བཟུམ་སྦེ་ མི་ལ་ལུ་ཅིག་ ཤོག་འཛིན་འདི་གི་དོན་ལས་ དངུལ་ཁང་ནང་ལུ་བྱེལཝ་བྱེལ་སར་འོང་སྟེ་ ཉིནམ་གསུམ་ཡང་ འགྱོ་སྟེ་འདུག

ད་རུང་ དངུལ་ཁང་ཚུ་གིས་ ཉིནམ་རེ་ནང་ རུ་པི་སོར་ནི་གི་ཤོག་འཛིན་༢༠༠་ལས་བརྒལ་ འབྱིན་ནི་མེད་མི་འདི་གིས་ཡང་ མི་ཚུ་ ཧེང་སྐལ་རང་ ཚ་གྱལ་ལང་བཅུག་སྟེ་འདུག

ཨིན་རུང་ འབྲུག་གི་དངུལ་ཁང་གིས་ ད་རིས་ལས་ ཤོག་འཛིན་གྱི་གྱངས་ཁ་འདི་༤༠༠་གུར་ ཡར་སེང་འབད་དེ་ཡོདཔ་མ་ཚད་ འབྲུག་རྒྱལ་ཡོངས་དངུལ་ཁང་གིས་ཡང་ མི་༣༠༠་ལུ་ ཤོག་འཛིན་སྤྲོད་ནི་འགོ་བཙུགས་ཏེ་ཡོདཔ་ཨིན་མས།

འབྲུག་གི་དངུལ་ཁང་གི་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་ པདྨ་རྣམ་རྒྱལ་ན་དིག་གིས་སླབ་མི་ནང་ དངུལ་ཁང་ནང་ལུ་ རུ་པི་རྫུན་མ་ཨིནམ་མེནམ་ བརྟག་དཔྱད་འབད་ནི་གི་དོན་ལས་ འཕྲུལ་ཆས་ཚད་ཅིག་ལས་བརྒལ་མེདཔ་ལས་ ཉིནམ་རེ་ནང་ རུ་པི་གི་ཞབས་ཏོག་དོན་ལུ་འོང་མི་༤༠༠་ལས་བརྒལ་ ལེན་མི་ཚུགས་པས་ཟེར་བཤད་ཅི།

རྒྱལ་ཁབ་ནང་ལུ་ རུ་པི་དང་འབྲེལ་བའི་སྟབས་མ་བདེཝ་འདི་ཡང་ རྒྱ་གར་རྒྱལ་ཁབ་ཀྱིས་ རུ་པི་༥༠༠་ལོར་དང་སྟོང་ལོར་ ཆ་མེད་བཏང་ནི་ཨིནམ་སྦེ་ གསལ་བསྒྲགས་འབད་བའི་ཤུལ་ ཐོན་ཡོདཔ་ཨིན།