གཟའ་སྤེན་པ། ༢༠༡༧ ཟླ་༡༢ པའི་སྤྱི་ཚེས་༡༥

འབྲུག་དང་རྒྱ་གར་གྱི་བར་ནའི་ ཚོང་འབྲེལ་དང་བཟོ་གྲྭ་ དེ་ལས་ སྐྱེལ་འདྲེན་གྱི་ ཆིངས་ཡིག་གུ་ལུ་ མཚན་རྟགས་བཀོད་ཡོདཔ།

སྤྱི་ཟླ་༡༡ པའི་ཚེས་ ༡༤ ༢༠༡༦

india-bhutan-free-trade-agreement༉ ཁ་ཉིནམ་ བསྟན་རྒྱས་བློན་པོ་ལས་སྐྱིད་རྡོ་རྗེ་དང་ རྒྱ་གར་གྱི་ ཚོང་དང་བཟོ་གྲྭའི་བློན་པོ་ ནིར་མ་ལ་སི་ཐ་ར་མཱན་གཉིས་ཀྱིས་ བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱི་ སྐུ་མདུན་ལུ་སྦེ་ འབྲུག་དང་ རྒྱ་གར་གྱི་བར་ན་ ཚོང་འབྲེལ་དང་བཟོ་གྲྭ་ དེ་ལས་ སྐྱེལ་འདྲེན་གྱི་ ཆིངས་ཡིག་གུ་ལུ་ མཚན་རྟགས་བཀོད་ཡོདཔ་ཨིན།

ཆིངས་ཡིག་འདི་གིས་ དུས་ཅི་སྤྱི་ཟླ་༧་པའི་ནང་ དུས་ཚོད་རྫོགས་ཡོད་མི་ ཆིངས་ཡིག་འདི་ དུས་མཐུན་འབདཝ་ཨིན་མས།

དུས་མཐུན་བཟོ་སྟེ་ཡོད་མི་ ཆིངས་ཡིག་འདི་གིས་ རྒྱལ་ཁབ་༢་གི་བར་ན་ ཚོང་འབྲེལ་དང་མ་རྩ་གཞི་བཙུགས་ཚུ་ ཧེང་བཀལ་ར་ རྒྱ་བསྐྱེད་བཏང་ནི་དང་ མཐུན་ལམ་འདི་ ཧེང་བཀལ་སྒྲིང་སྒྲིང་བཟོ་ནི་ལུ་ དམིགས་ཡུལ་བསྐྱེདཔ་ཨིན་མས།

འབྲུག་དང་རྒྱ་གར་གྱི་བར་ན་ ཚོང་འབྲེལ་ཡང་ཆགས་ཀྱི་ཆིངས་ཡིག་འདི་ ལུང་ཕྱོགས་ནང་ལུ་ ཚོང་འབྲེལ་གྱི་གནས་སྟངས་ གོ་ཡང་ཤོས་ཅིག་སྦེ་ རྩིཝ་ཨིན་མས།

རྒྱ་གར་རྒྱལ་ཁབ་འདི་ འབྲུག་གི་ཚོང་འབྲེལ་གྱི་ མཉམ་རོགས་སྦོམ་ཤོས་ཅིག་ཨིན།

འདི་ཡང་ སྤྱི་ལོ་༢༠༡༥་ལུ་ འབྲུག་གི་ རྒྱ་གར་དང་ཅིག་ཁར་ཚོང་འབྲེལ་འདི་ དངུལ་ཀྲམ་ ས་ཡ་སྟོང་ཕྲག་༨༥་ལྷགཔ་ཅིག་འཐོན་ཡོདཔ་ད་ དེ་ཡང་ རྒྱལ་ཁབ་ཀྱི་ཚོང་འབྲེལ་ལས་ བརྒྱ་ཆ་༨༠་ལྷགཔ་ཅིག་ཨིན་མས།

ཚོང་འབྲེལ་དང་བཟོ་གྲྭ་ དེ་ལས་ སྐྱེལ་འདྲེན་གྱི་ ཆིངས་ཡིག་འདི་ ད་ལྟོ་ཚུན་ཚོད་ ཚར་༤་དུས་མཐུན་བཟོ་ནུག

ཚོང་འབྲེལ་དང་བཟོ་གྲྭ་གི་ཆིངས་ཡིག་ འགོ་དང་པ་འདི་ སྤྱི་ལོ་༡༩༧༢་ལུ་ མཚན་རྟགས་བཀོད་ཡོདཔ་ཨིན་མས།