གཟའ་པ་སངས། ༢༠༡༧ ཟླ་༡༢ པའི་སྤྱི་ཚེས་༡༤

བྱང་ཐིམ་ཕུག་འདེམས་ཁོངས་ཀྱི་ རྒྱལ་ཡོངས་ཚོགས་འདུའི་ དུས་མིན་བཙག་འཐུ་ནང་ལས་ མི་སེར་དམངས་གཙོ་ཚོགས་པའི་འདེམས་ངོ་ ཚེ་རིང་གིས་ རྒྱལ་ཁ་ཐོབ་ཡོདཔ།

སྤྱི་ཟླ་༡༡ པའི་ཚེས་ ༥ ༢༠༡༦

bye-election-pdp-tshering༉ ཁ་ཙ་ བྱང་ཐིམ་ཕུག་གི་ སྤྱི་ཚོགས་ཀྱི་དུས་མིན་བཙག་འཐུ་ འགོ་འདྲེན་འཐབ་པའི་སྐབས་ མི་སེར་དམངས་གཙོ་ཚོགས་པའི་འདེམས་ངོ་ ཚེ་རིང་གིས་ ཚོགས་རྒྱན་ གཅིག་སྟོང་༤༠༠དེ་ཅིག་ ཐེབས་ཐོབ་སྟེ་སྦེ་ རྒྱལ་ཁ་ཐོབ་ཡོདཔ་ཨིན།

མི་སེར་དམངས་གཙོ་ཚོགས་པའི་འདེམས་ངོ་ ཚེ་རིང་གིས་ ཚོགས་རྒྱན་ཡོངས་བསྡོམས་ ཉིས་སྟོང་༣༢ཐོབ་སྟེ་ཡོདཔ་ད་ འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ སྐལ་བཟང་དབང་མོ་གིས་ ཚོགས་རྒྱན་ཡོངས་བསྡོམས་༦༦༠ལས་བརྒལ་ མ་ཐོབ་ཨིན་མས།

ད་ལས་ཕར་ ཚེ་རིང་གིས་ རྒྱལ་ཡོངས་ཚོགས་འདུ་ནང་ལུ་ དུས་ཅི་ སྤྱི་ཟླ་༨པའི་ནང་ འབྲུག་ཕུན་སུམ་ཚོགས་པའི་ སྤྱི་ཚོགས་ཀྱི་འཐུས་མི་ ཀུན་དགའ་ཚེ་རིང་འདི་ ཆེ་རིམ་ཤེས་ཡོན་སྦྱང་པར་འགྱོ་བའི་ཤུལ་ལུ་ འདེམས་ཁྲི་སྟོངམ་སྦེ་ལུས་ཡོད་མི་གི་ཚབ་འབད་ ཕྱག་ཞུ་ནི་ཨིན་མས།

སྐྱེ་ལོ་༣༣ལུ་ལང་མི་ ཚེ་རིང་གིས་ རྒྱ་གར་ ཅེ་ནའི་གཙུག་ལག་སློབ་སྡེ་ནང་ལས་ པར་སྟོན་བརྒྱུད་འབྲེལ་གྱི་ཤེས་ཡོན་ནང་ལས་ མཐར་འཁྱོལ་ཏེ་ཡོདཔ་ཨིན།

འདི་བཟུམ་སྦེ་ ཁོ་གིས་ སྤྱི་ལོ་༢༠༡༣ལུ་ རྒྱལ་ཡོངས་ཚོགས་སྡེའི་ འཐུས་མི་གི་དོན་ལུ་ཡང་ དོ་འགྲན་འབད་དེ་ཡོདཔ་ཨིན།

ཚེ་རིང་གིས་ བསྐུལ་བསྒྲགས་ལས་རིམ་གྱི་སྐབས་ལུ་ གླིང་གཞི་རྫོང་ཉམས་གསོ་ཞུ་ནི་དང་ ལ་ཁ་མཐོ་ས་ལས་ཕར་ རྟ་ལམ་ཚུ་སེལ་ནི་ཨིན་ཟེར་ གསལ་བསྒྲགས་འབད་དེ་ཡོདཔ་ཨིན།

འདི་མ་ཚད་ ཁོ་གིས་ ས་སྒོ་གཅིག་ནང་ལས་ བརྡ་དོན་ཚུ་འཐོབ་ཚུགས་པའི་ ལྟེ་བ་གཞི་བཙུགས་འབད་ནི་དང་ ཀ་ཝང་རྒེད་འོག་གི་མི་སྡེ་ ཡར་དྲག་བཏང་ནི་ཚུ་གི་སྐོར་ལས་ ཁས་བླང་འབད་ནུག

འདི་བཟུམ་སྦེ་ ཁོ་གིས་ ཁས་བླང་གསལ་བསྒྲགས་ནང་ལུ་ འཐུང་ཆུའི་དཀའ་ངལ་སེལ་ནི་དང་ ཆུ་གཡུར་ དེ་ལས་ འཁོར་ལམ་དང་འབྲེལ་བའི་ དཀའ་ངལ་ཚུ་ སེལ་ནི་ཨིན་ཟེར་ ཁས་བླང་འབད་དེ་ཡོདཔ་ཨིན།

བྱང་ཐིམ་ཕུག་འདེམས་ཁོངས་ནང་ལུ་ ཐོ་བཀོད་གྲུབ་པའི་ ཚོགས་རྒྱན་བཙུགས་མི་ དྲུག་སྟོང་༣༠༠དེ་ཅིག་འབད་ས་ལས་ ཉིས་སྟོང་༧༠༠གིས་ ཚོགས་རྒྱན་བཙུགས་ནུག