གཟའ་པ་སངས། ༢༠༡༧ ཟླ་༡༢ པའི་སྤྱི་ཚེས་༡༤

ཨ་ལུ་ཚུ་ལུ་ རྩུབ་སྤྱོད་བྱུང་མི་གི་གནད་དོན་གཅིག་ ཆང་འཐུང་མི་ལས་བརྟེན་ཏེ་ཨིནམ།

སྤྱི་ཟླ་༡༠ པའི་ཚེས་ ༢༨ ༢༠༡༦

༉ རྒྱལ་ཡོངས་ཨམ་སྲུ་དང་ཨ་ལུའི་ལྷོན་ཚོགས་ཀྱིས་ ཨ་ལུ་ཚུ་གི་རྩུབ་སྤྱོད་ཀྱི་ཐད་ཁར་ ཞིབ་འཇུག་འགོ་འདྲེན་འཐབ་མི་དང་འཁྲིདཔ་ད་ རྒྱལ་ཁབ་ནང་ལུ་ ཨ་ལུ་ཚུ་ལུ་ རྩུབ་སྤྱོད་བྱུང་མི་གི་གནད་དོན་གཅིག་འདི་ ཆང་འཐུང་མི་ལས་བརྟེན་ཏེ་ ཨིནམ་སྦེ་མཐོང་ནུག

འདི་ཡང་ ཨ་ལུའི་ཕམ་དང་ ཨ་ཁུ་དང་ཨམ་ཅུངམ་ དེ་ལས་ ཨ་ལུ་བདག་འཛིན་འཐབ་མི་ཚུ་གིས་ ཆང་འཐུང་པ་ཅིན་ ཁྱིམ་ནང་གི་ལཱ་དང་འགན་ཁུར་ཚུ་འབག་ནི་ནང་ འཐུས་ཤོར་དོ་ཡོདཔ་སྦེ་ཨིན་མས།

ད་རུང་ སྙན་ཞུ་དང་འཁྲིདཔ་ད་ ཆང་འཐུང་མི་ཚུ་གིས་ ཁྱིམ་ནང་ལུ་དགོ་པའི་ བཟའ་འཐུང་གི་རིགས་ཚུ་ཉོ་ནི་ལས་ ཆང་ལུ་ འགྲོ་སོང་བཏང་དོ་ཡོད་མི་ལུ་བརྟེན་ ཨ་ལུ་ཚུ་ལུ་ དགོཔ་ཁག་ཆེཝ་ཡོད་མི་ཚུ་ སྣང་མེད་སྦེ་བཞག་དོ་ཡོདཔ་སྦེ་ཨིན་མས།

ཕམ་ཚུ་ཆང་འཐུང་པའི་བསྒང་ལས་ ཨ་ལུ་ཚུ་ལུ་ འདོད་སྤྱོད་ཀྱི་རྩུབ་སྤྱོད་འབད་དོ་ཡོདཔ་མ་ཚད་ གཞན་མི་གིས་ འདོད་སྤྱོད་འབད་ནི་གི་རྩིས་རྐྱབ་རུང་ བཀག་ནི་གི་ རང་དབང་མེད་པར་ སྡོད་དགོཔ་འཐོན་དོ་ཡོདཔ་ཨིན་མས།

ཕམ་ ཆུང་འཐུང་མི་གི་སྒོ་ཁར་ ཕོཝ་རྒྱགས་མི་ཨ་ལུ་ཚུ་ལུ་ ཤུལ་ལས་ སེམས་ཁམས་དང་འབྲེལ་བའི་ སྟབས་མ་བདེཝ་ཚུ་ཡང་ འཐོན་དོ་ཡོདཔ་སྦེ་ཨིན་མས།

འདི་ཡང་ ཕམ་ཚུ་ཆང་འཐུང་མི་ཅིག་འབད་བའི་བསྒང་ལས་ ཁོང་ཆ་ཁྱབ་ཀྱིས་ ཨ་ལུ་ཚུ་ ལེགས་ཤོམ་སྦེ་ བདག་འཛིན་འཐབ་མ་ཚུགས་མི་ལུ་བརྟེན་ཏེ་ཨིན་མས།

ཨ་ལོ་ཚུ་ལུ་ རྩུབ་སྤྱོད་ཀྱི་སྤྱོད་ལམ་བྱུང་མི་ གནད་དོན་གཞན་ཡང་ དཔལ་འབྱོར་གྱི་གནས་སྟངས་དང་ ཕམ་ཡ་བྲལ་འགྱོ་མི་ དེ་ལས་ མི་སྡེའི་འགྲོ་ལུགས་དང་ དབང་པོ་སྐྱོན་ཅན་ལ་སོགས་པའི་ གནད་དོན་ཚུ་ཨིན་མས།