གཟའ་པ་སངས། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༡༩

ད་རེས་ཀྱི་ས་གནས་གཞུང་གི་ བཙག་འཐུ་འདི་ནང་ལུ་ཡང་ འདེམས་ངོ་མང་ཤོས་རང་ ཕོ་སྐྱེས་ཚུ་ བཙག་འཐུ་གྲུབ་སྟེ་ཡོདཔ།

སྤྱི་ཟླ་༩ པའི་ཚེས་ ༣༠ ༢༠༡༦

lgelections-femalecandidatelesspreferered༉ ད་རེས་ཀྱི་ས་གནས་གཞུང་གི་ བཙག་འཐུ་འདི་ནང་ལས་ འདེམས་ངོ་༡༤༠༠་ལྷགཔ་ཅིག་ བཙག་འཐུ་གྲུབ་ས་ལས་ ༡༦༣་རྐྱངམ་ཅིག་ཨམ་སྲུ་ཨིན་མས།

འདི་འབདཝ་ལས་ བཙག་འཐུ་འདི་ནང་ལུ་དོ་འགྲན་འབད་ཡོད་མི་ ཨམ་སྲུ་ལ་ལོ་ཅིག་གིས་སླབ་མི་ནང་ ས་གནས་གཞུང་གི་གོ་གནས་ཚུ་ནང་ལུ་ ཨམ་སྲུ་མང་སུ་སྦེ་ བཙག་འཐུ་གྲུབ་དགོཔ་འདུག་ཟེར་བཤད་ཅི།

ད་རེས་ཀྱི་ས་གནས་གཞུང་གི་བཙག་འཐུ་འདི་ནང་ལུ་ རྒཔོ་གི་དོན་ལུ་དོ་འགྲན་འབད་མི་ཅིག་འདི་ སྤུ་ན་ཁ་དགུ་མ་རྒེད་འོག་ནང་ལས་ སྐྱེས་ལོ་༤༤་ལང་མི་ ཀུན་ལེགས་དབང་མོ་ཨིན།

ཀུན་ལེགས་དབང་མོ་འདི་ སྤུ་ན་ཁ་ལུ་ རྒཔོ་གི་གོ་གནས་དོན་ལུ་ དོ་འགྲན་འབད་ཡོད་མི་ འདེམས་ངོ་ཨམ་སྲུ་ཕུད་རྡོ་ཅིགཔ་ཨིན་མས།

མོ་གིས་སླབ་མི་ནང་ བཙག་འཐུའི་བྱ་རིམ་ཚུ་ འགོ་བཙུགས་པའི་སྐབས་ མོ་རའི་རྒེད་འོག་ནང་གི་ ཨམ་སྲུ་ཚུ་གིས་ མོ་ལུ་རྒྱབ་བསྐྱོར་ཡོད་ཟེར་ སླབ་མི་ལུ་བརྟེན་ སེམས་དགའ་ བློ་བདེ་ཏོག་ཏོ་སྡོད་ཡི་ཟེར་བཤད་ཅི།

འདི་བཟུམ་སྦེ་ རྒེད་འོག་འདི་ནང་ལུ་ ཚོགས་རྒྱན་བཙུགས་མི་ཡང་ ཕོ་རྒས་དང་ཕྱེདཔ་ད་ ཨམ་སྲུ་མང་སུ་སྦེ་ཡོདཔ་ཨིན་མས།

ཨིན་རུང་ གྲུབ་འབྲས་ཀྱི་སྐབས་ལུ་ ཀུན་ལེགས་དབང་མོ་གིས་ ཚོགས་རྒྱན་༤༤་རྐྱངམ་ཅིག་འཐོབ་ཡོདཔ་ལས་ མི་སེར་ཚུ་གིས་ ཕོ་སྐྱེས་འདེམས་ངོ་ཅིག་རང་ གདམ་ཁ་རྐྱབ་ནུག

ཀུན་ལེགས་དབང་མོ་གིས་སླབ་མི་ནང་ བཙག་འཐུ་གི་གྲུབ་འབྲས་འདི་ལུ་བལྟ་སྟེ་ ད་ལས་ཕར་ བཙག་འཐུ་ནང་ལུ་ ལོག་དོ་འགྲན་འབད་ནི་གི་ མནོ་བསམ་མེདཔ་སྦེ་འགྱོ་སྟེ་ཡོད་ཟེར་བཤད་ཅི།

ད་རེས་ཀྱི་ ས་གནས་གཞུང་གི་ བཙག་འཐུ་ནང་ལས་ ཨམ་སྲུ་གཉིས་རྐྱངམ་ཅིག་ རྒཔོ་སྦེ་བཙག་འཐུ་གྲུབ་སྟེ་ཡོདཔ་ཨིན།

ཨིན་རུང་ སྤྱི་ལོ་༢༠༡༡་གི་ ས་གནས་གཞུང་གི་བཙག་འཐུ་དང་ཕྱེདཔ་ད་ ཨམ་སྲུའི་འགོ་ཁྲིདཔ་གི་གྱངས་ཁ་འདི་ ༦༢ཀྱིས་ ཡར་སེང་འགྱོ་སྟེ་འདུག