གཟའ་སྤེན་པ། ༢༠༡༧ ཟླ་༡༢ པའི་སྤྱི་ཚེས་༡༥

རང་སྲོག་རང་གིས་བཅད་ནི་སྦེ་དཔའ་བཅམ་མི་ཚུ་གིས་ རྟགས་མཚན་སྟོན་མི་ཚུ་ ཧ་གོ་བ་ཅིན་ རང་སྲོག་རང་གིས་བཅད་ནི་གི་གནད་དོན་འདི་ མང་ཤོས་ཅིག་རང་ བཀག་ཚུགས་ནི་ཨིནམ།

སྤྱི་ཟླ་༩ པའི་ཚེས་ ༩ ༢༠༡༦
drnirola-suicide

སེམས་ཁམས་མཁས་མཆོག་ ཌྲག་ཀྲར་ གྲམ་བར་ཀེ་ནི་རོ་ལ།

༉ ཐིམ་ཕུག་ འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གི་ སེམས་ཁམས་མཁས་མཆོག་ཚུ་གིས་འབད་བ་ཅིན་ རང་སྲོག་རང་གིས་བཅད་ནི་སྦེ་དཔའ་བཅམ་མི་ཚུ་གིས་ རྟགས་མཚན་ཚུ་སྟོན་པའི་སྐབས་ མི་ཚུ་གིས་ ཧ་གོ་བ་ལུ་ ལཱ་ཁག་བཏངམ་ཨིན་ཟེར་བཤད་ཅི།

ག་དེ་ཅིག་འབད་ རང་སྲོག་རང་གིས་བཅད་ནི་གི་རྟགས་མཚན་ཚུ་སྟོན་པའི་སྐབས་ མི་ཚུ་གིས་ ཤེས་པ་ཅིན་ རང་སྲོག་རང་གིས་བཅད་ནི་གི་གནད་དོན་མང་ཤོས་ཅིག་རང་ བཀག་ཚུགས་ཟེར་ཨིན་མས།

རང་སྲོག་རང་གིས་བཅད་ནི་གུར་ཐུག་ནི་གི་ཉེན་ཁག་ཡོད་མི་ཚུ་གིས་ ཉེན་བརྡའི་རྟགས་མཚན་ཚུ་ཡང་ ཕྱིའི་གཟུགས་དང་ ནང་སེམས་གཉིས་ཆ་རའི་ཐོག་ལས་ སྟོནམ་ཨིན་མས།

Get the Flash Player to see the wordTube Media Player.

ཐིམ་ཕུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ལས་ སེམས་ཁམས་མཁས་མཆོག་ ཌྲག་ཀྲར་ གྲམ་བར་ཀེ་ནི་རོ་ལ་གིས་སླབ་མི་ནང་ རང་སྲོག་རང་གིས་བཅད་ནི་གི་རྟགས་མཚན་ཚུ་ཡང་ རང་སོའི་ལོ་ཚད་དང་འཁྲིལ་ཏེ་ སོ་སོ་འབད་རང་སྟོན་ནི་ཡོད་ཟེར་ཨིན་མས།

འདི་ཡང་ ཨ་ལུ་དང་ན་གཞོན་ཚུ་གིས་འབད་བ་ཅིན་ འདི་བཟུམ་གྱི་གནས་སྟངས་ལུ་ཐུག་ནི་ཨིན་པའི་རྟགས་མཚན་འདི་ ཆ་རོགས་དང་བཟའ་ཚང་ཚུ་ལས་ ཟུར་སྡོད་ནི་དང་ མི་ཚེ་བལྟ་སྟེ་བཞན་པ་ལོག་ནི་ དེ་ལས་ རང་སྲོག་རང་གིས་བཅད་ནི་གི་ལོ་རྒྱུས་རང་སླབ་སྡོད་འོང་ཟེར་བཤད་ཅི།

འདི་བཟུམ་སྦེ་ ཨ་ལུ་དང་ན་གཞོན་ཚུ་གིས་ ཙིགཔ་ཟ་ནི་དང་ ཁྱིམ་ནང་ལས་མགྱོགས་འགྱོ་ནི་ དེ་ལས་ ཁུ་སིམ་སིམ་འབད་སྡོད་ནི་དང་ མི་གཞན་དང་འབྲེལ་བ་མ་འཐབ་པར་སྡོད་མི་ཚུ་ཡང་ རང་སྲོག་རང་གིས་བཅད་ནི་གི་རྟགས་མཚན་ཚུ་ཨིན་མས།

ལོ་ན་རྒས་ཤོས་ཚུ་གིས་འབད་བ་ཅིན་ རང་སྲོག་རང་གིས་བཅད་ནི་གི་དཔའ་བཅམ་པའི་སྐབས་ ཆང་དང་སྨྱོ་རྫས་ལུ་སྤྱོད་ནི་དང་ སེམས་སྐྱོ་སྡོད་ནི་ལ་སོགས་པ་ཚུ་ འབད་འོང་ཟེར་ཨིན་མས།

འདི་བཟུམ་སྦེ་ ལོ་ན་རྒས་ཤོས་ཚུ་གིས་ ཁོང་རའི་རྒྱུ་དངོས་ཚུ་ གཞན་ལུ་འབྱིན་ནི་དང་ ཧེ་མ་ལས་རང་ རང་སྲོག་རང་གིས་བཅད་ནི་གི་དཔའ་བཅམ་ཡོད་པ་ཅིན་ འདི་ཚུ་ཡང་ རང་སྲོག་རང་གིས་བཅད་ནི་གི་རྟགས་མཚན་ཚུ་ཨིནམ་སྦེ་བཤད་ཅི།

 སེམས་ཁམས་མཆོག་ཚུ་གིས་སླབ་མི་ནང་ ལོ་ན་ཚད་རྒས་མི་ཚུ་ ཁོང་ར་རྐྱངམ་ཅིག་འབད་ ཡུན་རིངམོ་སྦེ་རང་བཞག་པ་ཅིན་ འདི་གིས་ཡང་ རང་སྲོག་རང་གིས་བཅད་ནི་གི་ཉེན་ཁག་ཡོདཔ་སྦེ་ཨིན་མས།

མི་ཚུ་གིས་ རྟགས་མཚན་འདི་ཚུ་སྟོན་ནི་དང་ ཡན་ན་ འདི་བཟུམ་གྱི་གནས་སྟངས་ནང་ལུ་ཐུག་སྟེ་ཡོད་པ་ཅིན་ སེམས་ཁམས་མཆོག་དང་ བསླབ་སྟོན་པ་ དེ་ལས་ སེམས་ཁམས་རིག་པའི་མཁས་མཆོག་ཚུ་གི་རྒྱབ་སྐྱོར་ལེན་དགོཔ་འདི་ ཁག་ཆེ་ནི་ཨིན་མས།