གཟའ་ཉི་མ། ༢༠༡༧ ཟླ་༡༢ པའི་སྤྱི་ཚེས་༡༦

ཆུ་ཁ་རྫོང་ཁག་ གད་སྟག་ན་རྒེད་འོག་གི་མི་སེར་ཚུ་ རྒེད་འོག་ལྟེ་བའི་འཁོར་ལམ་གྱི་ སྤུས་ཚད་ལུ་བལྟ་སྟེ་ སེམས་དང་མ་ལྡན་པར་ཡོདཔ།

སྤྱི་ཟླ་༨ པའི་ཚེས་ ༢༩ ༢༠༡༦

Getena-Farmroad༉ ཆུ་ཁ་རྫོང་ཁག་ གད་སྟག་ན་རྒེད་འོག་གི་མི་སེར་ཚུ་ རྒེད་འོག་ལྟེ་བའི་འཁོར་ལམ་གྱི་ སྤུས་ཚད་ལུ་བལྟ་སྟེ་ སེམས་དང་མ་ལྡན་པར་འདུག

འདི་ཡང་ རྒེད་འོག་འདི་ནང་ལུ་ འཁོར་ལམ་གྱི་མཐུན་རྐྱེན་ལྷོད་དེ་འབད་རུང་ མི་སེར་ཚུ་ལུ་ ཕན་ཐོག་གི་ནི་ཡང་མེདཔ་ལས་ འབྲེལ་བ་ཡོད་པའི་ དབང་འཛིན་ཚུ་གིས་ བར་འཛུལ་འབད་དེ་ ཞིབ་དཔྱད་གནང་དགོ་པའི་ ཞུ་བ་འབད་དེ་ཡོདཔ་ཨིན།

གད་སྟག་ན་རྒེད་འོག་གི་ མི་སེར་ཚུ་གིས་སླབ་མི་ནང་ རྒེད་འོག་ལྟེ་བའི་འཁོར་ལམ་བདའ་སྟེ་ རྩིགཔ་ཚུ་གུ་ལུ་ འགག་འགྲམ་ཕོག་སྟེ་ཡོདཔ་མ་ཚད་ ཆུའི་གཡུར་བ་ཡང་ལེགས་ཤོམ་མེད་པའི་ཁར་ ལམ་བདའ་སྟེ་ རྩིས་ས་གིས་འབད་བཟོ་སྟེ་ཡོད་པའི་ ཆུ་དུང་ཚུ་ ལེགས་ཤོམ་སྦེ་ བཙུགས་ཏེ་མིན་འདུག་ཟེར་ ཉོག་བཤད་བཀོད་དོ་ཡོདཔ་ཨིན་མས།

མི་སེར་ཚུ་གིས་སླབ་མི་ནང་ ལམ་བཟོ་བསྐྲུན་འབད་མི་ ཁ་འབགཔ་ཚུ་གིས་ སྤུས་ཚད་སྐྱོ་དྲག་འབད་མི་ བྱེམ་ ལག་ལེན་འཐབ་ནུག་ཟེར་ཨིན་མ་ད་ ལམ་བཟོ་བསྐྲུན་འབད་བའི་སྐབས་ བལྟ་བརྟོག་ལེགས་ཤོམ་སྦེ་ འབད་མི་ཡང་ མིན་འདུག་ཟེར་ཨིན་མས།

ད་རུང་ ཁོང་གིས་སླབ་མི་ནང་ རྒེད་འོག་ལྟེ་བའི་ལམ་འདི་ འདས་པའི་ལོ་༤གི་ཧེ་མ་ལས་ སེལ་ཡི་ཟེར་ཨིན་རུང་ ད་རེས་ ལམ་བདའ་སྟེ་ ཕོར་ཝེལ་ཡོད་པའི་ སྣུམ་འཁོར་ཚུ་རྐྱངམ་ཅིག་མ་གཏོགས་ གཞན་མི་སྣུམ་འཁོར་ཚུ་ མི་ཐལ་བས་ཟེར་བཤད་ཅི།

གནད་དོན་འདི་གི་སྐོར་ལས་ ཕུན་ཚོགས་གླིང་ལུ་ཡོད་པའི་ ལམ་སེལ་ལས་ཁུངས་ཀྱི་བཟོ་རིག་གཙོ་འཛིན་འགོ་དཔོན་ རྡོ་རྗེ་དབང་འདུས་ཀྱིས་སླབ་མི་ནང་ མི་སེར་ཚུ་གིས་སླབ་མི་འདི་ མི་བདེན་ཟེར་ཨིནམ་དང་ ལམ་གྱི་གནས་སྟངས་ སྐྱོ་དྲག་འགྱོ་མི་གི་ གནད་དོན་སོ་སོ་ཚུ་ཡོད་ཟེར་བཤད་ཅི།

ད་རུང་ ཁོ་གིས་སླབ་མི་ནང་ མ་དངུལ་ཚད་ཅིག་ལས་བརྒལ་མེད་རུང་ ལམ་སེལ་ལས་ཁུངས་ཀྱི་ཁ་ཐུག་ལས་ ལམ་ཉམས་བཅོས་འབད་ནི་གི་དོན་ལས་ ལཱ་ཚུ་འབད་བའི་བསྒང་ར་ཡོད་ཟེར་ཨིན་མས།

གད་སྟག་ན་རྒེད་འོག་འདི་ ཆུ་ཁག་རྫོང་ཁག་འོག་གི་ མཐའ་ཟུར་གྱི་རྒེད་འོག་ཅིག་ཨིན།