ཤེ་སྟི་ཁ་རི་གི་ཆུ་བྲེས་ཏེ་ ཁ་འགྱུར་འོང་མི་ལས་བརྟེན་ཏེ་ ཁྱིམ་གུང་པ་༡༤དེ་ཅིག་ ས་ཁ་མཐོ་ས་ལུ་ སྤོ་བཤུད་འབད་དགོཔ་འཐོན་ཡོདཔ།
སྤྱི་ཟླ་༧ པའི་ཚེས་ ༢༥ ༢༠༡༦
༉ ཁ་ཙ་ དགེ་ལེགས་ཕུག་ལུ་ ཤེ་སྟི་ཁ་རི་ཆུ་འདི་བྲེས་ཏེ་ ཁ་འགྱུར་འོང་མི་ལས་བརྟེན་ཏེ་ ཁྱིམ་གུང་པ་༡༤དེ་ཅིག་ ས་ཁ་མཐོ་ས་ལུ་ སྤོ་བཤུད་འབད་དགོཔ་འཐོན་ནུག
ཁ་ཉིམ་ནུབ་མོ་ ཆརཔ་ཤུགས་སྦེ་བརྐྱབ་མི་ལས་བརྟེན་ཏེ་ ཁྲོམ་འདི་ནང་གི་ ས་གནས་གཞན་ཚུ་ནང་ཡང་ ཆུ་རུད་ཐོན་ཡོདཔ་ཨིན།
ཁ་ཙ་དྲོ་པ་ཆུ་ཚོད་༥དེ་ཅིག་ལས་ ཤེ་སྟི་ཁ་རི་ཆུ་འདི་བྲེས་ཏེ་སྦེ་ ཉེ་འདབས་ལུ་ཡོད་པའི་ གཡུས་ཚན་ཚུ་ནང་ལུ་ ཆུ་རུད་ཐོན་ནི་འགོ་བཙུགས་ནུག
ས་གནས་འདི་ནང་གི་ ཁྱིམ་གུང་པ་༦གི་ནང་ལས་ བཟའ་ཚང་༢༥དེ་ཅིག་ ཁོང་རའི་རྒྱུ་ཅ་ལ་ཚུ་ག་ར་འབག་ ཉེན་སྲུང་ཡོད་སའི་ས་གནས་ནང་ལུ་ སྤོ་བཤུད་འབད་དགོཔ་ཐོན་ཡོདཔ་ཨིན་རུང་ སྡོད་ཁྱིམ་ཚུ་ལུ་ གནོད་རྐྱེན་དུམ་གྲ་རེ་བྱུང་ཡོདཔ་ཨིན་མས།
དེ་ལས་ཉི་མ་ཁམས་ཅིག་ལས་ གཙང་ཆུ་འདི་ ཕྱོགས་སོ་སོ་ཅིག་ནང་གི་ གཡུས་ཚན་ཁ་ཐུག་ལུ་ ཁ་འགྱུར་ཏེ་འོང་ཡོདཔ་ལས་ བསྟན་སྲུང་དམག་སྡེ་དང་ བདེ་སྲུངཔ་ དེ་ལས་ འགོ་དཔོན་ཚུ་དང་ ས་གནས་ནང་གི་མི་སེར་ཚུ་གི་སྦེ་ ཁྱིམ་གུང་པ་༨དེ་ཅིག་ ཉེན་སྲུང་ཡོད་སའི་ས་གནས་ནང་ལུ་ སྤོ་བཤུད་འབད་དགོཔ་འཐོན་ནུག
ཨིན་རུང་ ཁས་བླང་པ་ཚུ་དང་ འཕྲུལ་ཆས་ཚུ་བཙུགས་ཞིནམ་ལས་ གཙང་ཆུ་འདི་ དུས་ཡུན་ཆུ་ཚོད་དག་པ་ཅིག་གི་ནང་འཁོད་ལུ་ ཉེན་སྲུང་ལྡན་པའི་ས་གནས་ནང་ལས་སྦུ་ ཁ་འགྱུར་ཏེ་བཏང་ཚུགས་ནུག
ཁ་ཉིམ་ནུབ་མོ་ ཆརཔ་བརྐྱབ་མི་ལས་བརྟེན་ཏེ་ རྒྱ་འབྲུག་ས་མཚམས་ཁར་གྱི་ འགེགས་སྲུང་ས་གནས་ནང་ལུ་ཡང་ ཆུ་རུད་ཐོན་ཡོདཔ་ཨིན་རུང་ ཉི་མ་ཁམས་ཅིག་ཁར་ ཆརཔ་ཆད་ཞིནམ་ལས་ ཆུ་ཡི་ཚད་འདི་ མར་ཕབ་འགྱོ་ནུག
ཉེན་སྲུང་གི་དོན་ལས་སྦེ་ ས་གནས་ནང་ལས་ཕར་སྡོད་མི་ཚུ་ ཉེན་སྲུང་ཡོད་སའི་ས་གནས་ནང་ལས་ཕར་ སྤོ་བཤུད་འབད་ཡོདཔ་ཨིན་མས།
ཆུ་རུད་འདི་ལས་བརྟེན་ཏེ་ གློག་མེ་གི་ཀཝ་དག་པ་ཅིག་མེདཔ་བཏང་ཡོདཔ་མ་གཏོགས་ མི་ལུ་གནོད་རྐྱེན་དང་ གཞན་གནོད་པ་སྦོམ་ཅིག་ ག་ནི་ཡང་མ་བྱུངམ་ཨིན་མས།
ཆུ་དང་གནམ་གཤིས་ཞབས་ཏོག་ལས་ཁུངས་ནང་ལས་ གནམ་གཤིས་སྔོན་བརྟག་འབད་མི་དང་འཁྲིལཔ་ད་ བསམ་རྩེ་དང་གསར་སྤང་ དེ་ལས་ ཕུན་ཚོགས་གླིང་གི་ས་གནས་ཚུ་ནང་ལས་ ད་ལས་ཕར་ དུས་ཡུན་ཆུ་ཚོད་༢༤གི་རིང་ལུ་ ད་རུང་ར་ ཆརཔ་ཤུགས་སྦེ་ར་བརྐྱབ་ནི་མས་ཟེར་ཨིན་མས།







རྒྱང་བསྒྲགས་དང་མཐུད་འབྲེལ།