རྒྱལ་འཛིན་ཐིམ་ཕུག་མཐོ་རིམ་སློབ་གྲྭ་འདི་ སྡེ་རིམ་ ཨེ་པལས་གི་སྤེལ་ཁང་གཅིག་སྦེ་ ངོས་འཛིན་འབད་ཡོདཔ།
སྤྱི་ཟླ་༦ པའི་ཚེས་ ༣༠ ༢༠༡༦
༉ འབྲུག་ངོས་སྦྱོར་ཚོགས་སྡེ་གིས་ ཁ་ཙ་ རྒྱལ་འཛིན་ཐིམ་ཕུག་མཐོ་རིམ་སློབ་གྲྭ་འདི་ སྡེ་རིམ་ ཨེ་པལས་གི་སྤེལ་ཁང་གཅིག་སྦེ་ ངོས་འཛིན་འབད་ཡི།
མཐོ་རིམ་སློབ་གྲྭ་འདི་ རྒྱལ་ཁབ་ནང་ལུ་ སྡེ་རིམ་ཨེ་པལས་གི་སྤེལ་ཁང་གཅིག་སྦེ་ ངོས་འཛིན་འབད་མི་ འགོ་དང་པ་ཅིག་ཨིན་མས།
ངོས་འཛིན་འདི་ཡང་ ཆོས་ཚན་གྱི་གཞི་རྩ་དང་ ཞིབ་འཚོལ་དང་གསར་བཏོད་ཀྱི་སྦྱང་བ་ དེ་ལས་ འཛིན་སྐྱོང་དང་འགོ་ཁྲིདཔ་ དེ་བཟུམ་སྦེ་ གཞི་རྟེན་མཐུན་རྐྱེད་དང་ ལྷབ་སྦྱང་གི་རྒྱུ་ཆ་ ལ་སོགས་པའི་ གནས་ཚད་ཚུ་ལུ་གཞི་བཞག་སྟེ་ འབད་ཡོདཔ་ཨིན་མས།
སྤེལ་ཁང་ཚུ་ཡང་ སྐུགས་ཚད་ སྟོང་ཕྲག་༡་གུ་བཟོ་ཞིནམ་ལས་ རྟགས་ཞིབ་འབད་ནུག
དེ་བསྒང་ སྐུགས་ཚད་༨༥༡་དང་ འདི་ལས་ལྷག་སྟེ་འཐོབ་མི་ སྤེལ་ཁང་ཚུ་ སྡེ་རིམ་ཨེ་པལས་ སྦེ་ངོས་འཛིན་འབད་ནུག
གཞི་འདི་ལུ་བཞག་སྟེ་སྦེ་ རྒྱལ་འཛིན་ཐིམ་ཕུག་མཐོ་རིམ་སློབ་གྲྭ་འདི་ མཆོག་འགྱུར་གྱི་སྤེལ་ཁང་གཅིག་སྦེ་ ངོས་སྦྱོར་འབདཝ་ཨིན་མས།
སྐུགས་ཚད་༣༧༥་དང་ འདི་མན་ཆད་འཐོབ་མི་ཚུ་ སྤེལ་ཁང་སྐྱོ་ཤོས་ཨིནམ་སྦེ་ ངོས་འཛིན་འབདཝ་ཨིན།
སྐྱོ་ཤོས་སྦེ་ངོས་འཛིན་འབད་མི་ སྤེལ་ཁང་ཚུ་ལུ་ ཡར་དྲག་བཏང་ནིའི་དོན་ལུ་ དུས་ཚོད་བྱིནམ་ཨིན་མས།
ད་རེས་ འབྲུག་ངོས་སྦྱོར་ཚོགས་སྡེ་གིས་ རྒྱལ་ཁབ་ནང་ལུ་ཡོད་པའི་ ཆེ་རིམ་ཤེས་ཡོན་གྱི་ སྤེལ་ཁང་ཚུ་ག་ར་ ངོས་སྦྱོར་འབད་བའི་བསྒང་ར་འདུག
འབྲུག་ངོས་སྦྱོར་ཚོགས་སྡེ་འདི་ རྒྱལ་ཁབ་ནང་ལུ་ ཤེས་རིག་གི་སྤུས་ཚད་དང་འགན་ཁྲིད་ཚུ་ ཏན་ཏན་བཟོ་མི་ རང་སྐྱོང་གི་འདུས་ཚོགས་ཅིག་ཨིནམ་ད་ ཚོགས་སྡེ་འདི་ཡང་ སྤྱི་ལོ་༢༠༡༡་ལུ་ གཞི་བཙུགས་འབད་ནུག







རྒྱང་བསྒྲགས་དང་མཐུད་འབྲེལ།