གཟའ་ལྷག་པ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༤

མི་སྡེ་བརྡ་བརྒྱུད་འདི་ ཚོགས་རྒྱན་བཙུགས་མི་ཚུ་དང་འབྲེལ་བ་འཐབ་ནི་ནང་ལུ་ཡང་ ཡོངས་གྲགས་ཐོན་དོ་ཡོདཔ།

སྤྱི་ཟླ་༦ པའི་ཚེས་ ༣༠ ༢༠༡༦

LGCampaign-SocialMedia༉ ས་གནས་གཞུང་གི་བཙག་འཐུ་ རན་དོ་ཡོད་མི་དང་འབྲེལ་ བཙག་འཐུ་ནང་དོ་འགྲན་འབད་ནི་ཨིན་མི་ འདེམས་ངོ་ཚུ་གིས་ ཁོང་རའི་ ཚོགས་རྒྱན་བཙུགས་མི་ཚུ་དང་ཅིག་ཁར་ འབྲེལ་བ་འཐབ་ནིའི་དོན་ལུ་ མི་སྡེ་བརྡ་བརྒྱུད་ཚུ་ ཁག་ཆེ་ཏོག་ཏོ་ཅིག་ཨིནམ་སྦེ་མཐོང་སྟེ་འདུག

འདེམས་ངོ་ཚུ་གིས་ མི་སྡེ་བརྡ་བརྒྱུད་ཚུ་གི་གྲལ་ལས་ མང་ཤོས་ར་ ཝི་ཅེཌ་འདི་ ལག་ལེན་འཐབ་དོ་ཡོདཔ་མ་ཚད་ ཁོང་རའི་ ཁས་བླངས་གསལ་བསྒྲགས་དང་བརྡ་དོན་འདི་ཚུ་ དར་ཁྱབ་བཏང་ནིའི་དོན་ལུ་ ཕེས་བུཀ་འདི་ཡང་ ལག་ལེན་འཐབ་ཨིན་མས།

འདི་ལུ་ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱི་ ཁྲིམས་དོན་དང་བརྒྱུད་འབྲེལ་ལས་ཚན་ནང་ལས་ ཨྱོན་གྱིས་སླབ་མི་ནང་ འདེམས་ངོ་ཚུ་གིས་ བསྐུལ་བསྒྲགས་ཀྱི་དོན་ལུ་ མི་སྡེ་བརྡ་བརྒྱུད་འདི་ཚུ་ ལག་ལེན་འཐབ་མི་འདི་ ལེགས་ཤོམ་ཅིག་ཨིན་རུང་ མི་སྡེ་བརྡ་བརྒྱུད་ཀྱི་བཅའ་ཡིག་དང་སྒྲིགས་གཞི་དང་ འཁྲིལ་དགོ་ཟེར་ཨིན་མས།

མི་སྡེ་བརྡ་བརྒྱུད་ཀྱི་བཅའ་ཡིག་དང་སྒྲིག་གཞི་འདི་དང་འཁྲིལ་བ་ཅིན་ འདེམས་ངོ་ཚུ་གིས་ བསྐུལ་བསྒྲགས་ཀྱི་དོན་ལུ་ མི་སྡེ་བརྡ་བརྒྱུད་ལག་ལེན་འཐབ་ནི་ཨིན་པ་ཅིན་ ཐོ་བཀོད་འབད་བའི་སྐབས་ལས་རང་ མི་སྡེ་བརྡ་བརྒྱུད་ཀྱི་ཁ་བྱང་ཚུ་ ལྷན་ཚོགས་ལུ་ འབྱིན་དགོ་ཟེར་ཨིན་མས།

ཨིན་རུང་ མི་སྡེ་བརྡ་བརྒྱུད་འདི་ ཚོགས་རྒྱན་གྱི་ཉིནམ་མ་རན་པའི་ དུས་ཡུན་ཆུ་ཚོད་༤༨་ཀྱི་ཧེ་མ་ ལག་ལེན་འཐབ་ཐ་མི་ཆོག་ནི་ཨིན་མས།

རྒྱལ་ཁབ་ནང་ལུ་ དེང་སང་འཕྲུལ་རིག་གི་འགྱུར་བ་དང་ ཡོངས་འབྲེལ་གྱི་མཐུན་རྐྱེན་ཚུ་ ཁྱབ་ཆེ་དྲག་སྦེ་འགྱོ་མི་དང་འབྲེལ་ མི་སྡེ་བརྡ་བརྒྱུད་ཚུ་གི་ཐོག་ལས་ བསྐུལ་བསྒྲགས་འབད་ནི་འདི་ དར་ཁྱབ་འགྱོ་དོ་ཡོད་རུང་ ག་དེ་ཅིག་ ཕན་ཐོག་འབྱུང་འོང་ག་འདི་ ད་ལྟོ་ མི་ཤེས་དོ་ཡོདཔ་ཨིན།