གཟའ་ལྷག་པ། ༢༠༡༧ ཟླ་༡༢ པའི་སྤྱི་ཚེས་༡༢

རྒྱལ་ཁབ་ནང་ལུ་ མི་སེར་སོ་ནམ་ལ་ལུ་ཅིག་གིས་ སོ་ནམ་འཕྲུལ་ཆས་ཚུ་ལག་ལེན་འཐབ་སྟེ་ དངུལ་གྱི་འོང་འབབ་ ལེགས་ཤོམ་བཟོ་དོ་ཡོདཔ།

སྤྱི་ཟླ་༦ པའི་ཚེས་ ༢༧ ༢༠༡༦

Powertiller-Zhemgang-Livelihood༉ གཞུང་གིས་ཁ་ཐུག་ལས་ རྒྱལ་ཁབ་ནང་ལུ་ སོ་ནམ་འཕྲུལ་ཆས་ཚུ་ བགོ་བཀྲམ་འབད་དེ་ཡོད་རུང་ འཕྲུལ་གླང་ལག་ལེན་འཐབ་མི་མེད་མི་འདི་ ཚ་འགྱང་ཆེ་བའི་ གནད་དོན་ཅིག་ལུ་འགྱུར་ཏེ་ཡོདཔ་ཨིན།

ཨིན་རུང་ མི་སེར་ལ་ལུ་ཅིག་གིས་ དངུལ་གྱི་འོང་འབབ་བཟོ་ནི་དང་ འཚོ་བ་སྐྱོང་ནི་གི་དོན་ལས་ འཕྲུལ་གླང་ལག་ལེན་འཐབ་ནི་གི་ གོ་སྐབས་ལེན་ཏེ་སྦེ་འདུག

གཞལ་སྒང་རྫོང་ཁག་ ནང་སྐོར་རྒེད་འོག་ནང་ལས་ སྐྱེས་ལོ་༣༠་ལང་མི་ འཇམ་དཔལ་གྱིས་ འཕྲུལ་གླང་གིས་སྦེ་ ཨ་རྟགས་རང་ ཞིང་རྨོ་དོ་ཡོདཔ་ཨིན་མས།

འཇམ་དཔལ་གྱིས་ སློབ་གྲྭ་ནང་སྡོད་པའི་སྐབས་ གློག་མེ་བཅོ་ནི་གི་ཤེས་ཡོན་སྦྱང་ཡོདཔ་ཨིན་རུང་ ཁོ་གིས་ འབྲིང་རིམ་སློབ་གྲྭ་གོང་མ་ནང་ལྷོདཔ་ད་ སློབ་གྲྭ་ནང་ལས་འཐོན་ཏེ་སྦེ་སྡོད་ནུག

རྒེད་འོག་འདི་ནང་ལུ་ འཕྲུལ་གླང་ལག་ལེན་འཐབ་མི་ འཇམ་དཔལ་གཅིག་ལས་བརྒལ་ མེད་མི་ལུ་བརྟེན་ མི་སེར་ཚུ་གིས་ ཞིང་རྨོ་ནི་གི་དོན་ལས་ ཁོ་ལུ་རང་སླབ་དོ་ཡོདཔ་ཨིན་མས།

འདི་བཟུམ་སྦེ་ འཇམ་དཔལ་གྱིས་ རྒེད་འོག་འདི་ནང་གི་མི་སེར་ཚུ་ལུ་ འཕྲུལ་གླང་གིས་ ཞིང་རྨོ་བྱིན་དོ་ཡོད་མི་ལས་བརྟེན་ ཁོ་གིས་ ཟླཝ་རེ་ནང་ འོང་འབབ་དངུལ་ཀྲམ་སྟོང་ཕྲག་༡༨་དེ་རེ་ བཟོ་དོ་ཡོདཔ་མ་ཚད་ བཞེས་སྒོ་ཚུ་ཡང་ རིན་མེད་སྟོང་པ་སྦེ་ བྱིན་དོ་ཡོདཔ་ཨིན་མས།

ཨིན་རུང་ འཕྲུལ་གླང་འདི་ གཡོག་བཀོད་མ་བཏུབ་སྦེ་རང་ མེདཔ་ཐལ་སོང་པ་ཅིན་ འཇམ་དཔལ་ལུ་ སྟབས་མ་བདེཝ་སྦོམ་རང་ འཐོན་དོ་ཡོདཔ་ཨིན་མས།

འདི་ཡང་ འཕྲུལ་གླང་བཅོ་ནི་གི་དོན་ལས་ ལཱ་ཁག་འབད་ དགེ་ལེགས་ཕུག་ལུ་ཡོད་པའི་ སོ་ནམ་འཕྲུལ་ཆས་ལྟེ་བ་ནང་ལུ་ འབག་དགོ་ནི་ཨིན་མས།

ཨིན་རུང་ འཇམ་དཔལ་གྱིས་ འཕྲུལ་གླང་གིས་སྦེ་ འཕྲོ་འཐུད་དེ་རང་ ཞིང་རྨོ་དོ་ཡོདཔ་ད་ རྒེད་འོག་འདི་ནང་ལུ་ འཕྲུལ་གླང་འདི་ ཡོངས་གྲགས་སོང་སྟེ་སྦེ་འདུག