གཟའ་ཕུར་བུ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༡༨

མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ འབྲུག་རྒྱལ་རྫོང་ གསར་བཞེངས་འབད་ས་ལུ་ གཟིགས་ཞིབ་གནང་ཡོདཔ།

སྤྱི་ཟླ་༤ པའི་ཚེས་ ༢༨ ༢༠༡༦

HM visits Drukgyal Dzong site༉ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ཁ་ཙ་ སྤ་རོ་ལུ་ འབྲུག་རྒྱལ་རྫོང་ གསར་བཞེངས་འབད་སའི་ས་སྒོ་ནང་ལུ་ གཟིགས་ཞིབ་གནང་ཡི།

དུས་ཅི་ འབྲུག་རྒྱལ་རྫོང་གསར་བཞེངས་ཀྱི་ལཱ་འདི་ འགོ་བཙུགས་ཞིནམ་ལས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་་འདི་ཁར་ གཟིགས་ཞིབ་གནང་མི་འདི་ ད་རེས་ འགོ་དང་པ་ཨིན་མས།

སྤ་རོ་བཙན་ཏོག་རྒེད་འོག་ནང་ཡོད་པའི་ འབྲུག་རྒྱལ་རྫོང་འདི་ དུས་རབ་༡༧པའི་ནང་ ཞབས་དྲུང་ངག་དབང་རྣམ་རྒྱལ་ ཞལ་བཞུགས་པའི་བསྒང་ བཞེངས་ཡོདཔ་ཨིན་མས།

མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ཧེ་མ་ ཕྱི་ཡི་ དགྲ་བྱང་འཕྱད་ལས་ རྒྱལ་ཁ་ཐོབ་པའི་ རྟགས་མཚན་ལུ་བཞེངས་ཡོད་པའི་ རྫོང་ཤུལ་འདི་ གཟིགས་ཞིབ་གནང་ནུག

མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ རྫོང་གསར་བཞེངས་ཀྱི་དོན་ལས་ སྔོན་འགྲོའི་ལཱ་འབད་མི་ འགོ་དཔོན་ཚུ་ལུ་ མཇལ་འཕྲད་གནང་ཡོདཔ་ཨིན་མས།

མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ཕྱག་ཞུ་སྟེ་ བློན་ཆེན་དང་ ནང་སྲིད་བློན་པོ་ དེ་ལས་ ཤེས་རིག་བློན་པོ་དང་ གཞན་གཞུང་གི་ཆེ་མཐོའི་ འགོ་དཔོན་ཚུ་ཡང་སྡོད་ནུག

འབྲུག་རྒྱལ་རྫོང་འདི་ ཞབས་དྲུང་ངག་དབང་རྣམ་རྒྱལ་གྱིས་ བཀའ་རྒྱ་དང་འཁྲིལ་ དབུ་མཛོད་བསྟན་འཛིན་འབྲུག་སྒྲ་གིས་ སྤྱི་ལོ་༡༦༤༩ལུ་བཞེངས་ཡོདཔ་དང་ སྤྱི་ལོ་༡༦༥༡ལུ་ མེ་རྐྱེན་གྱི་སྦེ་ རྫོང་འདི་ལུ་ གནོད་རྐྱེན་སྦོམ་སྦེ་ར་བརྐྱབ་ཡོདཔ་ཨིན་མས།

རྫོང་འདི་ མེ་མཆོད་བཞེས་པའི་སྐབས་ལུ་ རྫོང་འདི་གི་བདག་འཛིན་པ་ དཀའ་ལེགས་འདི་ ལོ་༡༠སྦེ་སྡོད་ནུག

ཁོ་གིས་སླབ་མི་ནང་ མེ་རྐྱེན་འདི་བྱུང་པའི་ཤུལ་ལས་ རྫོང་འདི་ ཉམས་གསོ་ཞུ་སྟེ་ར་འབད་རུང་ དུས་ཚོད་རིམ་གྱི་སྦེ་འགྱོ་བའི་བསྒང་ལས་ ལོག་སྟེ་ར་ ཉམས་ཆག་ཤོར་ཡི་ཟེར་ཨིན་མས།

 ད་རེས་ རྫོང་གསར་བཞེངས་ཀྱི་ལཱ་འདི་ འགོ་བཙུགས་མི་དང་འབྲེལ་ཏེ་ རྫོང་འདི་ ཧེ་མ་ག་ཨིནམ་སྦེ་ར་ ལོག་བཞེངས་ནི་ཨིན་མི་ལུ་ ས་གནས་ནང་གི་མི་སེར་ཚུ་ སེམས་དགའ་སྟེ་ཡོདཔ་ཨིན།

ད་ལྟོ་ཚུན་ཚོད་ཀྱི་བར་ན་ རྫོང་འདི་གི་ གནའ་ཤུལ་ཞིབ་འཚོལ་དང་ འདི་ནང་གི་ ས་རིག་བརྟག་དཔྱད་ཚུ་ག་ར་ འབད་བའི་བསྒང་ཡོདཔ་ཨིན་མས།

ད་ལས་ཕར་ ཟླཝ་དག་པ་ཅིག་གི་ནང་འཁོད་ལུ་ རྫོང་གསར་བཞེངས་ཀྱི་ལཱ་ངོ་མ་འདི་ འགོ་བཙུགས་ནི་ཨིན་མས།