གཟའ་མིག་དམར། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༣

གསོ་བའི་མཐུན་རྐྱེན་ཡོད་དེ་རང་འབད་རུང་ ད་ལྟོའི་བར་ན་ཡང་ མི་ལ་ལུ་ཅིག་གིས་ གཡུས་ལུགས་ཀྱི་སྨན་བཅོས་ལུ་ གཙོ་བོ་བསྟེན་དོ་ཡོདཔ།

སྤྱི་ཟླ་༣ པའི་ཚེས་ ༣༡ ༢༠༡༦

TrainingForLocalHealers༉ མོང་སྒར་གྱི་ས་གནས་ལ་ལུ་ཅིག་ནང་ལུ་ ནདཔ་མང་ཤོས་ཅིག་གི་ར་ ད་ལྟོའི་བར་ན་ཡང་ གཡུས་ལུགས་ཀྱི་སྨན་བཅོས་འབད་མི་ཚུ་ར་ བསྟེན་དོ་ཡོདཔ་ཨིན།

འདི་དང་འབྲེལ་ཏེ་ འཕྲལ་ཁམས་ཅིག་ཁར་ གསོ་བའི་ལྷན་ཁག་གིས་ གླིང་མེད་ཐང་ལུ་སྦེ་ གཡུས་ལུགས་ཀྱི་སྨན་བཅོས་ཚུ་ ཉེན་སྲུང་དང་ལྡནམ་སྦེ་འབད་ནི་གི་སྐོར་ལས་ གོ་བསྡུར་སྦྱོང་བརྡར་ཅིག་འགོ་འདྲེན་འཐབ་ཅི།

སྦྱོང་བརྡར་འདི་ནང་ལུ་ མོང་སྒར་རྫོང་ཁག་འོག་གི་ རྒེད་འོག་༩གི་ནང་ལས་ གཡུས་ལུགས་ཀྱི་སྨན་བཅོས་འབད་མི་ ༥༠ལྷགཔ་ཅིག་གིས་ གྲལ་ཁར་གཏོགས་ནུག

ནང་པའི་སྨན་རིགས་ཞབས་ཏོག་ལས་ཁུངས་ཀྱི་ ལས་རིམ་གཙོ་འཛིན་འགོ་དཔོན་ རྟ་མགྲིན་ཆོས་རྒྱལ་གྱིས་སླབ་མི་ནང་ གཡུས་ལུགས་ཀྱི་སྨན་བཅོས་འབད་མི་ མང་ཤོས་ཅིག་གིས་རང་ སྨན་བཅོས་ཚུ་འབད་བའི་སྐབས་ ཁ་གིས་འཇིབ་དོ་ཡོདཔ་ལས་ ནད་གཞི་འདི་ ཁོང་ར་ལུ་འབུ་ནི་གི་ཉེན་ཁག་འདུག་ཟེར་བཤད་ཅི།

འདི་འབདཝ་ལས་ ནདཔ་དང་ཁོང་ར་གཉིས་ཆ་རའི་དོན་ལས་ ཉེན་སྲུང་གི་ཐབས་ལམ་ཚུ་བཏོན་ནི་གི་དོན་ལས་སྦྱོང་བརྡར་འདི་ འགོ་འདྲེན་འཐབ་ཅི་ཟེར་ཨིན་མས།

ཨིན་རུང་ གཡུས་ལུགས་ཀྱི་སྨན་བཅོས་འབད་མི་ཚུ་གིས་སླབ་མི་ནང་ ཁོང་ཆ་ཁྱབ་ཀྱིས་ སྨན་བཅོས་ཚུ་འབད་ཚར་བའི་སྐབས་ ཉེན་སྲུང་གི་ཐབས་ལམ་ཚུ་ བཏོན་ཏེ་རང་ཡོད་ཟེར་བཤད་ཅི།

འདི་ཡང་ ཁོང་ར་ཆང་མ་འཐུང་མི་ཅིག་ཨིན་རུང་ ཁ་ལག་ལེན་འཐབ་སྟེ་ དུག་འདི་ཚུ་འཇིབ་པའི་སྐབས་ ཆང་གིས་ བཤལབཀོག་དོ་ཟེར་ཨིན་མས།