གཟའ་ཉི་མ། ༢༠༡༨ ཟླ་༧ པའི་སྤྱི་ཚེས་༢༡

རྒྱལ་སྤྱི་ཅ་དམ་གྱི་ཉིནམ་བརྩི་སྲུང་འབད་ཡོདཔ།

སྤྱི་ཟླ་༡ པའི་ཚེས་ ༢༧ ༢༠༡༦

Customs’-Officials-awarded-meritorious-certificates-1༉ ཁ་ཙ་ བསམ་རྩེ་ལུ་སྦེ་ རྒྱལ་སྤྱི་ཅ་དམ་གྱི་ཉིནམ་ བརྩི་སྲུང་འབད་མི་དང་འབྲེལ་ རྒྱལ་ཁབ་ནང་འཁོད་ལས་ ཅ་དམ་འགོ་དཔོན་༢༡་ལུ་ ཞབས་ཏོག་ནང་ལུ་ མཆོག་འགྱུར་གྱི་ལག་ཁྱེར་བྱིན་ནུག

ཅ་དམ་འགོ་དཔོན་ཚུ་གི་གྲལ་ལས་ ཁོང་༥་འདི་ བསམ་རྩེ་ལུང་ཕྱོགས་ཡིག་ཚང་ནང་ལས་ཨིནམ་ལས་ ཁོང་ཆ་ཁྱབ་ལུ་ ལག་ཁྱེར་ཚུ་ དངུལ་རྩིས་བློན་པོ་ རྣམ་རྒྱས་རྡོ་རྗེ་གིས་སྦེ་གནང་ཡི།

ལག་ཁྱེར་འཐོབ་མི་ཚུ་ཡང་ ཁོང་རའི་ རྒན་རིམ་དང་ གཅིག་སྒྲིལ་ ལཱ་གི་འཇོན་ཐངས་ཚུ་ལུ་ གཞི་བཞག་སྟེ་ གདམ་འཐུ་འབད་ཡོདཔ་ཨིན་མས།

ལག་ཁྱེར་འདི་ འགོ་དཔོན་ཚུ་གི་བརྒྱུད་ལུ་ ཀུན་སྤྱོད་བཟང་པོ་ ཡར་དྲག་བཏང་ཐབས་ལུ་ཨིནམ་ད་ དེ་ཡང་ ཅ་དམ་གྱི་ལཱ་འདི་ ངན་ལྷད་བྱུང་ནིའི་ཉེན་ཁག་ཡོད་པའི་ ལས་དོན་ཅིག་འབདཝ་ལས་བརྟེན་ཏེ་ཨིན་མས།

ཉིནམ་འདི་ འཛམ་གླིང་ཅ་དམ་ཚོགས་པ་གིས་ བརྩི་སྲུང་འབད་དོ་ཡོདཔ་ད་ ཚོགས་པ་འདི་གི་འཐུས་མི་༡༨༠་ཡོད་མི་གི་གྲལ་ལས་ གཅིག་ འབྲུག་རྒྱལ་ཁབ་ཨིན་མས།

རྒྱལ་སྤྱི་ཅ་དམ་གྱི་ཉིནམ་ ཐེངས་༣་པ་འདི་ བསམ་རྩེ་ལུ་སྦེ་ བརྩི་སྲུང་འབད་ཡོདཔ་ད་ དེ་ཁ་ལུ་ དངུལ་རྩིས་བློན་པོ་དང་ དངུལ་རྩིས་དྲུང་ཆེན་བྱོན་ཡི།

འབྲུག་རྒྱལ་ཁབ་ཀྱིས་ སྤྱི་ལོ་༢༠༠༢་ལས་ འཛམ་གླིང་ཅ་དམ་ཚོགས་པའི་འཐུས་མི་སྦེ་ འཛུལ་ཡོདཔ་ཨིན་རུང་ ཉིམ་བརྩི་སྲུང་འབད་ནི་འདི་ སྤྱི་ལོ་༢༠༡༤་ལས་རྐྱངམ་ཅིག་ འགོ་བཙུགས་ནུག

དུས་ཅི་གི་ ཉིནམ་བརྩི་སྲུང་གི་བརྗོད་དོན་འདི་ དྲི་ཇི་ཀྲལ་ཀཱས་ཀྲམ་ཟེར་བཞག་སྟེ་ཡོདཔ་ད་ དེ་ཡང་ ཅ་དམ་གྱི་བྱ་རིམ་ཚུ་ནང་ བརྡ་དོན་འཕྲུལ་རིག་གི་ ཐོན་སྐྱེད་ཚུ་ ལག་ལེན་འཐབ་ནི་འདི་ ཡར་དྲག་བཏང་ནིའི་དོན་ལུ་ཨིན་མས།