གཟའ་སྤེན་པ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༠

ཚོགས་པའི་ཡིག་ཚང་ཚུ་འཛིན་སྐྱོང་འཐབ་བཞག་ནི་དོན་ལས་ རྒྱལ་ཁམས་ཀྱི་ནང་ལས་ མ་དངུལ་རྒྱབ་སྐྱོར་གནང་དགོཔ།

སྤྱི་ཟླ་༡༡ པའི་ཚེས་ ༢༦ ༢༠༡༥

State funding for political parties rears its head༉ སྲིད་དོན་ཚོགས་པ་ཚུ་གིས་འབད་བ་ཅིན་ རྒྱལ་ཁབ་ནང་ལུ་ ཚོགས་པའི་ཡིག་ཚང་ཚུ་སྒོ་ཕྱེ་སྟེ་བཞག་ནི་གི་དོན་ལས་ རྒྱལ་ཁམས་ཀྱི་ནང་ལས་ མ་དངུལ་རྒྱབ་སྐྱོར་གནང་དགོཔ་འདུག་ཟེར་ཨིན་མས།

སྲིད་དོན་པ་ཚུ་གིས་སླབ་མི་ནང་ ད་རེས་ ཁོང་ཆ་ཁྱབ་ཀྱིས་ རྒྱལ་ཁམས་ཀྱི་ནང་ལས་ མ་དངུལ་ཟེར་རུང་ བསྐུལ་བསྒྲགས་ཀྱི་སྐབས་ལུ་ཐོབ་མི་ མ་དངུལ་འདི་རང་ཨིན་ཟེར་བཤད་ཅི།

ད་རུང་ ཁོང་ཆ་ཁྱབ་ཀྱིས་ འཐུས་མི་ཚུ་གི་ནང་ལས་ ཐོ་བཀོད་ཀྱི་འཐུས་དང་ ཁས་བླངས་ཀྱི་ཐོག་ལས་ ཞལ་འདེབས་ཚུ་ཐོབ་དོ་ཡོད་རུང་ འདི་གིས་ ཚོགས་པའི་ཡིག་ཚང་འཛིན་སྐྱོང་འཐབ་ནི་དོན་ལས་ ལང་མི་ཚུགས་པས་ཟེར་ཨིན་མས།

སྲིད་དོན་ཚོགས་པ་ཚུ་གིས་ སྤྱི་ཚོགས་ཀྱི་བཙག་འཐུ་འགོ་དང་པ་འགོ་འདྲེན་འཐབ་པའི་ནམ་དུས་ལས་རང་ མ་དངུལ་མ་ལང་པའི་དཀའ་ངལ་ལས་བརྟེན་ཏེ་ ཚོགས་པའི་ཡིག་ཚང་ཚུ་ འཛིན་སྐྱོང་འཐབ་སྟེ་ བཞག་མ་ཚུགས་པར་ཡོདཔ་ཨིན།

སྲིད་དོན་པ་ཚུ་གིས་སླབ་མི་ནང་ ཚོགས་པའི་ཡིག་ཚང་ཚུ་ ལེགས་ཤོམ་སྦེ་བཞག་དགོ་པ་ཅིན་ ཐབས་ལམ་དྲག་ཤོས་འདི་རང་ རྒྱལ་ཁམས་ཀྱི་མ་དངུལ་རྒྱབ་སྐྱོར་གནང་ནི་འདི་ འོང་ནི་མས་ཟེར་ཨིན་མས།

མ་དངུལ་འདི་ཡང་ སྦོམ་སྦེ་མེད་རུང་ སྲིད་དོན་ཚོགས་པའི་ཡིག་ཚང་ཚུ་ བཞག་ཚུགས་པའི་མ་དངུལ་ཅིག་འདི་ གནང་དགོཔ་འདུག་ཟེར་ཨིན་མས།

ཨིན་རུང་ རྒྱལ་ཁམས་ཀྱི་ནང་ལས་ མ་དངུལ་རྒྱབ་སྐྱོར་གནང་དགོ་པ་ཅིན་ རྩི་ཁྲིམས་ཆེན་མོ་དང་ བཙག་འཐུའི་བཅའ་ཁྲིམས་ཀྱི་དགོངས་དོན་ལ་ལུ་ བསྒྱུར་བཅོས་འབད་དགོཔ་ཐོན་འོང་ཟེར་བཤད་ཅི།

སྲིད་དོན་ཚོགས་པ་ཚུ་ལུ་ རྒྱལ་ཁམས་ཀྱི་མ་དངུལ་གནང་ནི་གི་དོན་ལས་ ཁྲིམས་ལུགས་འཕྲི་བསྣན་འབད་ནི་གི་དབང་ཚད་འདི་ སྤྱི་ཚོགས་ལུ་ཡོདཔ་ཨིན་མས།

རྒྱལ་ཁབ་ནང་ལུ་ ད་རེས་ སྲིད་དོན་ཚོགས་པ་ལྔ་ཡོདཔ་ད་ འདི་ཚུ་ཡང་ འབྲུག་ཕུན་སུམ་ཚོགས་པ་དང་མི་སེར་དམངས་གཙོའི་ཚོགས་པ་ དེ་ལས་ བྷུ་ཊཱན་ཀུན་མཉམ་པར་ཊི་དང་འབྲུག་སྤྱིར་དབང་ཚོགས་པ་ འདི་བཟུམ་སྦེ་ འབྲུག་མཉམ་རུབ་ཚོགས་པ་ཚུ་ཨིན།