གཟའ་མིག་དམར། ༢༠༡༧ ཟླ་༡༢ པའི་སྤྱི་ཚེས་༡༨

དོམ་གྱིས་ ནོར་སེམས་ཅན་ཚུ་ལུ་ གནོད་པ་བཀལ་དོ་ཡོདཔ།

སྤྱི་ཟླ་༩ པའི་ཚེས་ ༣༠ ༢༠༡༥

Himalayan black bear causes sleepless nights in Rukubji༉ དབང་འདུས་ཕོ་བྲང་རྫོང་ཁག་ རུ་སྐུབ་སྦྱིས་གཡུས་ཚན་ནང་ལུ་ དོམ་གྱིས་ ནོར་སེམས་ཅན་ཚུ་ལུ་ གནོདཔ་སྐྱེལ་ཏེ་ བདུན་ཕྲག་༣ལྷགཔ་ཅིག་འགྱོ་བའི་ཤུལ་ལུ་ མི་སེར་ཚུ་གིས་ ནོར་སེམས་ཅན་ཚུ་སྲུང་སྟེ་སྦེ་ ཞག་ཡང་ལེགས་ཤོམ་སྦེ་ ཉལ་ནི་མི་ཐོབ་དོ་ཡོདཔ་ཨིན་མས།

འདི་བཟུམ་གྱི་དཀའ་ངལ་འདི་ བསལ་ཐབས་ལུ་ ནགས་ཚལ་འགོ་དཔོན་ཚུ་གིས་ གནང་བ་བྱིན་པ་ཅིན་ མི་སེར་ཚུ་གིས་ དོམ་ཚུ་བསད་ནི་ལུ་ཡང་ ཐེ་འཚོམ་ག་ནི་ཡང་མེདཔ་ཨིན་མས།

རུ་སྐུབ་སྦྱིས་ལས་ སྐྱེས་ལོ་༤༨ལང་མི་ པ་སངས་དང་ གཞན་མི་ མི་སེར་སོ་ནམ་པ་ཚུ་གི་དོན་ལས་ ད་རེས་ཟླཝ་ལས་འགོ་བཙུགས་ཏེ་ ནུབ་མོ་ཨ་རྟག་ར་ ནོར་སེམས་ཅན་ཚུ་སྲུང་ནི་འདི་ དུས་རྒྱུན་གྱི་ལཱ་ཅིག་ལུ་འགྱུར་ཏེ་འདུག

ནུབ་མོ་ བྱང་དོ་ཡོདཔ་ལས་ མེ་འཕུ་སྟེ་སྦེ་ འཕྲལ་འཕྲལ་ར་སྐད་བརྐྱབ་སྦེ་སྡོད་དོ་ཡོདཔ་ཨིན་མས།

ཨིན་རུང་ ནོར་སེམས་ཅན་ཚུ་གིས་ ཨ་རྟག་དང་མ་འདྲ་བའི་ སྐད་བརྐྱབ་པའི་བསྒང་ལས་ ཁོང་མི་སེར་ཚུ་གིས་ དོམ་འོང་དོ་ཡོདཔ་ཨིནམ་ ཧ་གོ་དོ་ཡོདཔ་ཨིན་མས།

དོམ་གྱིས་ ད་རེས་ཀྱིས་ཟླཝ་ནང་ར་ ནོར་༡༢དེ་ཅིག་བསད་དེ་ཡོདཔ་དང་ མི་སེར་ཚུ་གིས་སླབ་མི་ནང་ དོམ་འདི་ ཧེ་མ་ཡང་ཐོན་ནི་ཡོད་རུང་ ནོར་སེམས་ཅན་ལུ་ གནོདཔ་མ་སྐྱེལ་ཟེར་ཨིན་མས།

ད་རེས་འབད་བའི་བསྒང་ལས་ མི་སེར་ཚུ་གིས་ ལོ་ཐོག་རྐྱངམ་ཅིག་མེན་པར་ ཁོང་གི་ནོར་སེམས་ཅན་ཚུ་ཡང་ སྲུང་དགོཔ་ཐོན་དོ་ཡོདཔ་ཨིན།

ནགས་ཚལ་དང་རང་བཞིན་ཉམས་སྲུང་གི་བཅའ་ཁྲིམས་༡༩༩༥ཅན་མ་དང་འཁྲིལཔ་ད་ དོམ་འདི་ ཉམས་སྲུང་འབད་བའི་གཅན་གཟན་གྱི་གྲངས་སུ་ཚུདཔ་ལས་ ག་གི་ཡང་བསད་མི་ཆོག་ནི་ཨིན་མས།

ནགས་ཚལ་དང་གླིང་ག་ཞབས་ཏོག་ལས་ཁུངས་ཀྱི་ ཡོངས་ཁྱབ་མདོ་ཆེན་གྱིས་སླབ་མི་ནང་ ས་གནས་ནང་གི་ མི་སེར་ཚུ་དང་སེམས་ཅན་ཚུ་ལུ་ གནོདཔ་སྐྱེལ་ཏེ་ར་སྡོད་པ་ཅིན་ དོམ་འདི་ ས་གནས་གཞན་ཁར་ལུ་སྐྱེལ་ནི་ཟེར་ཨིན་མས།