གཟའ་ཉི་མ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༡

གླིང་གཞི་རྫོང་ཉམས་གསོ་ཞུ་ནི་གི་གནད་དོན་འདི་ དུས་ཅི་ཡང་ རྫོང་ཁག་ཚོགས་འདུ་ནང་ལུ་ གསུང་གྲོས་བྱུང་ཡོདཔ།

སྤྱི་ཟླ་༨ པའི་ཚེས་ ༢༨ ༢༠༡༥

lingzhi--dzong-༉ ཐིམ་ཕུག་རྫོང་ཁག་གི་ རྫོང་ཁག་ཚོགས་འདུ་ནང་ལུ་ དུས་ཅི་ཡང་ གླིང་གཞི་རྫོང་ཉམས་གསོ་ཞུ་ནི་གི་སྐོར་ལས་གསུང་གྲོས་བྱུང་ཡོདཔ་ལས་ གནད་དོན་འདི་ གཞུང་ལུ་ལོག་སྟེ་ར་ ཞུ་བ་ཕུལ་ནི་སྦེ་གྲོས་ཐག་བཅད་ཅི།

རྫོང་ཉམས་གསོ་ཞུ་ནི་གི་དོན་ལས་ ལོ་ལྔ་འཆར་གཞི་༡༡་པའི་ནང་ཚུད་སྟེ་ཡོད་རུང་ མ་དངུལ་ལངམ་སྦེ་ མེད་མི་ལས་བརྟེན་ཏེ་ རྫོང་ཉམས་གསོ་གི་ལཱ་འདི་ འགོ་བཙུགས་མི་ཚུགས་ནི་ཨིན་མས།

གླིང་གཞི་རྒེད་འོག་གི་དམངས་མི་ པ་སངས་ཚེ་རིང་གིས་སླབ་མི་ནང་ གླིང་གཞི་རྫོང་ཧྲམ་འགྱོ་བའི་ཤུལ་ དྲུང་ཁག་བདག་སྐྱོང་གི་ཡིག་ཚང་འདི་ དྲུང་པ་གི་དོན་ལས་རྐྱབ་སྟེ་ཡོད་པའི་ སྒྲིང་ཁྱིམ་ནང་ལུ་ སྤོ་སྟེ་ཡོད་ཟེར་བཤད་ཅི།

འདི་བཟུམ་སྦེ་ རྫོང་འདི་ནང་གི་ནང་རྟེན་ཚུ་ཡང་ གླིང་གཞི་རྒེད་འོག་ནང་ལུ་ ཞལ་འཛོམས་ཁང་ཅིག་ རྐྱབ་ནི་ཨིན་མི་འདི་ནང་བཞག་ནི་ཨིནམ་མ་ཚད་ དགེ་སློང་ཚུ་ཡང་ འདི་ནང་ལུ་སྤོ་ནི་སྦེ་འདུག ཐིམ་ཕུག་རྫོང་བདག་ ཚེ་དབང་རིག་འཛིན་གྱིས་སླབ་མི་ན་ང རྫོང་ཉམས་གསོ་ཞུ་ནི་གི་དོན་ལས་ ལོ་ལྔ་འཆར་གཞི་༡༡་པའི་ མ་དངུལ་གྱི་མ་ལང་པ་ཅིན་ རྒེད་འོག་གོང་འཕེལ་མ་དངུལ་ནང་ལས་ བཏང་རུང་ བཏུབ་པས་ཟེར་ཨིན་མས།

ཨིན་རུང་ འདི་གི་ཐད་ཁར་ གླིང་གཞི་དྲུང་ཁག་འདི་ནང་གི་ སྲོས་དང་ན་རོ་ དེ་ལས་ གླིང་གཞི་རྒེད་འོག་གསུམ་གྱི་རྒཔོ་ཚུ་གི་བར་ན་ ཐག་བཅད་མ་ཚུགསཔ་ཨིན།

རྫོང་ཁག་ཚོགས་འདུ་གིས་ གནད་དོན་འདི་གི་སྐོར་ལས་ གཞུང་ལུ་སྙན་ཞུ་ཕུལ་ནི་ཨིནམ་དང་ རྫོང་ཉམས་གསོའི་ལཱ་འདི་ཡང་ ཤུལ་མའི་ལོ་ལྔ་འཆར་གཞི་༡༢་པའི་ནང་ར་ འགོ་བཙུགས་ནི་ཡོདཔ་ཅིག་མཛད་གནང་དགོཔ་སྦེ་ ཞུ་བ་ཕུལ་ནི་ཨིན་མས། གླིང་གཞི་རྫོང་ཉམས་གསོ་ཞུ་ནི་གི་དོན་ལས་ ཟད་འགྲོ་ དངུལ་ཀྲམ་ས་ཡ་༢༥༠་དེ་ཅིག་གནས་ནི་ཨིན་མས།

གླིང་གཞི་རྫོང་འདི་ཡང་ སྤྱི་ལོ་༢༠༡༡་ལུ་ ས་ཡོམས་རྐྱབ་མི་འདི་གིས་ གནོད་རྐྱེན་རྐྱབ་སྟེ་ཡོདཔ་ཨིན།