གཟའ་ཕུར་བུ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༡༨

མི་སྡེའི་འགོ་ཁྲིདཔ་ཚུ་ མ་དངུལ་གཡོག་བཀོལ་མ་ཚུགས་པར་ གཞུང་ལུ་ ལོག་ཏེ་ཕུལ་ཡོད་ཟེར་མི་ལུ་ ཧ་ལས་ཡོདཔ།

སྤྱི་ཟླ་༧ པའི་ཚེས་ ༣༡ ༢༠༡༥

ZhemgangDT-Fund-Back-to-Govt༉ གཞལ་སྒང་རྫོང་ཁག་གི་ས་གནས་གཞུང་གི་འགོ་འཁྲིདཔ་ཚུ་ རྫོང་ཁག་འདི་ནང་ལས་ མ་དངུལ་ལག་ལེན་འཐབ་མ་ཚུགས་པར་ལུས་མི་ཚུ་ གཞུང་ལུ་ ལོག་ཕུལ་ཏེ་ཡོད་ཟེར་མི་ལུ་ ཧ་ལས་དགོཔ་ཐོན་ཏེ་སྦེ་འདུག

ཁོང་འགོ་ཁྲིདཔ་ཚུ་གིས་ གནས་ཚུལ་འདི་ཡང་ ཕྲལ་ཁམས་ཅིག་ཁར་ རྫོང་ཁག་ཚོགས་འདུ་ནང་ལུ་ རྩིས་ལོ་༢༠༡༤་དང་༢༠༡༥་ལོའི་ སྙན་ཞུ་འདི་ གསལ་ཞུ་འབད་བའི་སྐབས་ལུ་རྐྱངམ་ཅིག་ ཤེས་ཚུགས་ཏེ་ཡོདཔ་སྦེ་ཨིན་མས།

རྒཔོ་ཚུ་གིས་སླབ་མི་ནང་ མ་དངུལ་ཚུ་ བཏང་བཏངམ་རང་མེད་པར་ ལོག་ཕུལ་ཡི་ཟེར་མི་འདི་ ཧ་ཅིག་གོ་མ་ཚུགས་ཟེར་བཤད་ཅི།

རྫོང་ཁག་ཚོགས་འདུ་ནང་ལུ་ རྩིས་ལོ་༢༠༡༤་དང་༢༠༡༥་གི་འཆར་དངུལ་གྱི་སྙན་ཞུ་ གསལ་ཞུ་ཕུལ་བའི་སྐབས་ གྲོས་བསྡུར་སྦོམ་སྦེ་རང་འབྱུང་ཡི།

རྒཔོ་ལ་ལུ་ཅིག་གིས་སླབ་མི་ནང་ སྙན་ཞུ་འདི་ནང་ལུ་ རྒེད་འོག་འདི་ཚུ་གིས་ མ་དངུལ་འདི་ ལག་ལེན་འཐབ་མ་ཚུགསཔ་བཟུམ་ཅིག་སྦེ་ ཚུད་དེ་འདུག་ཟེར་ཨིན་མས།

ཨིན་རུང་ ཁོང་གིས་འབད་བ་ཅིན་ མ་དངུལ་འདི་ ལག་ལེན་འཐབ་མ་ཚུགས་པར་ལུས་ཡོདཔ་མེན་པར་ ཐོབ་ཐོབ་རང་མེད་ཟེར་བཤད་ཅི།

རྫོང་ཁག་འཆར་གཞི་འགོ་དཔོན་གྱི་ར་འབད་རུང་ གནད་དོན་དེ་སྦེ་ཐོན་མི་འདི་ གོ་བ་བརྡ་ལོག་སྦེ་འགྱོ་མི་དང་ འགོ་འདྲེན་ལེགས་ཤོམ་སྦེ་ འཐབ་མ་ཚུགས་མི་ལས་བརྟེན་ཏེ་བྱུང་ཡོདཔ་སྦེ་ ངོས་ལེན་འབད་ཡོདཔ་ཨིན།

ཨིན་རུང་ རྒེད་འོག་གོང་འཕེལ་མ་དངུལ་ཚུ་རྩིས་ཏེ་ གཞལ་སྒང་རྫོང་ཁག་འདི་ནང་ལས་ མ་དངུལ་ས་ཡ་༨་ལྷགཔ་ཅིག་ དངུལ་རྩིས་ལྷན་ཁག་ལུ་ ལོག་ཕུལཝ་ཨིན་མས།