གཟའ་ཟླ་བ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༢

ཕུན་ཚོགས་གླིང་རྒེད་འོག་ནང་ཕོ་རྒས་གཅིག་ ཆ་རོགས་ཀྱིས་རྡོ་བླུག་བྱིན་མི་ལས་བརྟེན་ཤི་ཡོདཔ།

སྤྱི་ཟླ་༧ པའི་ཚེས་ ༣༠ ༢༠༡༥

༉ ཆུ་ཁ་རྫོང་ཁག་ དར་ལ་རྒེག་འོག་ནང་ལས་ཨིན་མི་ སྐྱེས་ལོ་༣༦ལང་མི་ཕོ་རྒས་གཅིག་ ཁོ་རའི་ཆ་རོགས་གཅིག་གིས་ མགུ་ཏོག་གུར་ལུ་ རྡོ་བླུག་བྱིན་མི་ལས་བརྟེན་ཏེ་ གྱོང་སོངཔ་ཨིན་མས།

རྐྱེན་ངན་འདི་ཡང་ གཟའ་ལྷགཔ་གི་ཚེས་ ཆུ་ཁ་རྫོང་ཁག་ ཕུན་ཚོགས་གླིང་རྒེད་འོག་ ལྕོང་དགེ་ཁ་གཡུས་ཚན་ནང་ལུ་བྱུང་ཡོདཔ་ཨིན་མས།

ཕུན་ཚོགས་གླིང་གི་ ཁྲིམས་སྲུང་འགག་པ་ཚུ་གིས་སླབ་མི་ནང་ འདི་བསྒང་ ཁོང་གཉིས་ཆ་ར་ ཆང་འདྲངས་ཏེ་སྡོད་ནུག་ཟེར་ཨིན་མས།

ས་གནས་ནང་གི་མི་སེར་ཚུ་གིས་ ཚེ་འདས་འདི་ འདི་གི་ནངས་པར་བཟུམ་ཅིག་ཁར་ ཁྲག་གི་ནང་ལུ་གྱེལ་ཏེ་ཡོདཔ་སྦེ་མཐོང་ཞིནམ་ལས་ ཁྲིམས་སྲུང་འགག་པ་ལུ་སྙན་ཞུ་འབད་དེ་ དུས་འཕྲལ་ལས་ར་ དགེ་འདུ་སྨན་ཁང་ནང་ལུ་སྐྱེལ་ཏེ་ དུས་ཡུན་སྐར་མ་༡༥དེ་ཅིག་གི་རྒྱབ་ལས་གྱོང་སོངཔ་ཨིན་མས།

དགེ་འདུ་སྨན་ཁང་གི་ གསོ་བའི་འགོ་དཔོན་གྱིས་སླབ་མི་ནང་ ནདཔ་འདི་ སྨན་ཁང་ནང་ལྷོད་པའི་བསྒང་ལས་ར་ གནས་སྟངས་འཚུབས་དྲག་སྦེ་སྡོད་ཡི་ཟེར་ཨིན་མས།

ཚེ་འདས་འདི་གི་ མགུ་ཏོག་གཡོན་ཁ་ཐུག་ལུ་ རྨ་སྐྱོན་སྦོམ་སྦེ་ར་བྱུང་སྟེ་ཡོདཔ་དང་ གསོ་བའི་འགོ་དཔོན་གྱིས་སླབ་མི་ནང་ ཚེ་འདས་འདི་གི་ ལྷ་པ་དང་རྣམ་ལྕོག་ དེ་ལས་ལྕེ་གུར་ལས་ཡང་ ཁྲག་ཐོན་ནུག་ཟེར་ཨིན་མས།

ཉེས་འཛུགས་ཅན་འདི་ ད་རེས་ ཕུན་ཚོགས་གླིང་ཁྲིམས་སྲུང་འགག་པའི་ དོ་དམ་ནང་ལུ་ཡོདཔ་ཨིན་མས།