གཟའ་ཟླ་བ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༢

སྦལ་བུ་ལུ་ འབྲུག་པའི་སྡེ་ཚན་འདི་གི་ ཞབས་ཏོག་བྱིན་ནི་འགོ་བཙུགས་ནུག

སྤྱི་ཟླ་༤ པའི་ཚེས་ ༢༩ ༢༠༡༥

Bhutan’s team camped near Tirsuli ༉ འབྲུག་ལས་ སྦལ་བུ་ལུ་ སྲོག་སྐྱབས་དང་ གྲོགས་རམ་གྱི་དོན་ལས་ བཏང་སྟེ་ཡོད་མི་ གསོ་བ་དང་འཚོལ་ཞིབ་སྡེ་ཚན་འདི་ ཁ་ཙ་ལས་ ན་བ་ཀོཌ་གི་རྫོང་སྡེ་ ཏིར་སུ་ལི་ཟེར་ས་ལུ་ སྒར་བཅར་ཏེ་སྦེ་འདུག

སྟེ་ འཐུས་མི་༦༣་འབད་མི་སྡེ་ཚན་འདི་ཡང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ བཀའ་རྒྱ་གནངམ་བཞིན་དུ་ གཟའ་མིག་དམར་གྱི་ཚེས་ རྒྱལ་ཁབ་ནང་ལས་ སོང་སྟེ་ཡོདཔ་ཨིན།

སྨན་ཁང་ནང་ལུ་ ནདཔ་འདི་ཚུ་ གནམ་གྲུ་དང་ ནདཔ་སྐྱེལ་འདྲེན་གྱི་སྣུམ་འཁོར་ དེ་ལས་ རྐང་འཁོར་ཚུ་ནང་ལུ་ ད་ལྟོ་དང་ད་ལྟོ་ ལེ་ཤཱ་སྦེ་ འབག་འོང་དོ་ཡོདཔ་ཨིན་མས།

སྟེ་ སྙན་ཞུ་དང་འཁྲིལ་བ་ཅིན་ ན་བ་ཀོཌ་གི་རྫོང་སྡེ་ནང་ལུ་ གཟའ་ལྷགཔ་ཚུན་ མི་༥༠༠་ལྷགཔ་ཅིག་ལུ་ ཤི་རྐྱེན་བྱུང་སྟེ་ ཡོདཔ་སྦེ་ཨིན་མས།

ད་རུང་ རྫོང་སྡེ་འདི་ནང་ལུ་ ནདཔ་ལེ་ཤཱ་ཅིག་རང་ སྲོག་སྐྱབས་འབད་དགོཔ་འདི་ ཁག་ཆེཝ་སྦེ་རང་ ཐོན་ཏེ་སྦེ་འདུག

ན་བ་ཀོཌ་གི་རྫོང་སྡེ་དང་ ར་སུ་ཝ་གི་ རྫོང་སྡེ་གཉིས་ཀྱི་ནང་ལས་ ཧེ་མ་འབད་བ་ཅིན་ ནདཔ་འདི་ཚུ་ ཐད་དཀར་དུ་ ཀཌ་མཎ་གྲུ་གི་ སྨན་ཁང་ཚུ་ནང་ལུ་ བཏང་སྟེ་སྦེ་ཡོདཔ་ཨིན་རུང་ ད་རེས་ འབྲུག་པའི་གསོ་བའི་སྡེ་ཚན་འདི་ ལྷོད་པའི་ཤུལ་ལས་ ནདཔ་ལེ་ཤཱ་ཅིག་རང་ སྦལ་བུ་གི་རྒྱལ་ས་ལུ་ བཏང་མ་དགོ་པར་ ན་བ་ཀོཌ་གི་ རྫོང་སྡེ་སྨན་ཁང་ནང་ལུ་ བཏང་སྟེ་སྦེ་འདུག

སྟེ་ ཏིར་སུ་ལི་ས་ཁོངས་ཀྱི་ ཕྱི་ཁ་ལས་ཕར་ ཁྱིམ་ལེ་ཤཱ་ཅིག་རང་ ཧྲམ་འགྱོ་སྟེ་ཡོདཔ་མ་ཚད་ ད་རུང་ལེ་ཤཱ་ཅིག་ར་ ཧྲམ་འགྱོ་སག་སག་སྦེ་ མཐོང་ཚུགསཔ་ཨིན་མས།Bhutan’s team camped near Tirsuli--

ས་གནས་དེ་ནང་གི་མི་ཚུ་ གཟའ་ཉིམ་གི་ཚེས་ ས་ཡོམ་རྐྱབ་པའི་ཤུལ་ལས་རང་ ཕྱི་ཁར་ཐོན་ཏེ་སྦེ་ ཞག་ཡང་ ཐང་ནང་ལུ་ སྡོད་ཡོད་པའི་ཁར་ འདི་ནང་ལུ་ གློག་མེ་དང་འཐུང་ཆུ་གི་ མཐུན་རྐྱེན་ཚུ་ཡང་མེདཔ་ཨིན་མས།

ས་ཡོམས་ཀྱི་རྐྱེན་ངན་འདི་གི་ གཟའ་ལྷགཔ་ཚུན་ཚོད་ སྦལ་བུ་ལུ་ མི་ལུ་ཤི་རྐྱེན་གྱི་གྱངས་ཁ་འདི་ སྟོང་ཕྲག་༥་ལྷགཔ་ཅིག་ལུ་ ལྷོད་དེ་སྦེ་ཡོདཔ་ད་ སྦལ་བུ་གི་སྲིད་བློན་ སུ་ཤིལ་ཀོའི་ར་ལ་གིས་ ས་ཡོམ་འདི་ལས་བརྟེན་ཏེ་ ཤི་རྐྱེན་གྱི་གྱངས་ཁ་འདི་ སྟོང་ཕྲག་༡༠་གུར་ ལྷོད་ནི་བཟུམ་ འདུག་ཟེར་བཤད་ནུག

འཛམ་གླིང་སྤྱི་ཚོགས་ཀྱི་ སྙན་ཞུ་དང་འཁྲིལ་བ་ཅིན་ སྦལ་བུ་ལུ་ ད་རེས་ རྫོང་སྡེ་༣༩་གི་ནང་ལུ་ མི་ས་ཡ་༨་ལྷགཔ་ཅིག་ལུ་ གནོད་སྐྱོན་རྐྱབ་སྟེ་ འདུག་ཟེར་ཨིན་མས།

སྟེ་ སྦལ་བུ་ལུ་ སྲོག་སྐྱབས་དང་ འཚོལ་ཞིབ་ཀྱི་ལཱ་ཚུ་ འབད་དོ་ཡོད་མི་དང་འབྲེལ་ ཁ་ཙ་ལས་ གཟའ་པ་སངས་ཚུན་ ཉིནམ་གསུམ་གྱི་རིང་ མྱ་ངན་གྱི་ཉིནམ་སྦེ་ གསལ་བསྒྲགས་འབད་དེ་ཡོདཔ་ཨིན།

སྦལ་བུ་ལུ་ ས་ཡོམ་གྱིས་གནོད་སྐྱོན་ རྐྱབ་པའི་ཤུལ་ ད་རེས་ འབྲུག་རྒྱལ་ཁབ་རྩིས་ཏེ་ རྒྱལ་ཁབ་ལེ་ཤཱ་ཅིག་གི་རང་ རྒྱབ་སྐྱོར་འབད་བར་ ལྷོད་དེ་སྦེ་འདུག