གཟའ་སྤེན་པ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༠

བཟོ་བསྐྲུན་ལས་སྡེ་ཚུ་ལུ་འཐུས་བྱིན་ནི་གི་ལས་རིམ་འགོ་བཙུགས་ནི་ཨིནམ།

སྤྱི་ཟླ་༢ པའི་ཚེས་ ༢༧ ༢༠༡༥

MoLHR-Contractors༉ ལྷན་རྒྱས་གཞུང་ཚོགས་ཀྱི་བཀོད་རྒྱ་དང་འཁྲིལ་ ལཱ་གཡོག་ལྷན་ཁག་གིས་ འབྲུག་པའི་བཟོ་བསྐྲུན་ལས་སྡེ་ཚུ་ལུ་ འཐུས་བྱིན་ནི་གི་ བྱ་རིམ་ཐབས་ལམ་ཚུ་ བཟོ་བའི་བསྒང་ར་ཡོདཔ་ཨིན་མས།

འདི་ཡང་ བཟོ་བསྐྲུན་ལས་སྡེ་གཅིག་གིས་ ལས་སྡེ་ནང་ལུ་ ལཱ་འབད་མི་ག་ར་ འབྲུག་པའི་མི་སེར་ཚུ་བཙུགས་ཏེ་ཡོད་པ་ཅིན་ ཁ་འབག་གི་རིན་བསྡུར་ནང་ལུ་ གྲལ་ཁར་གཏོགས་མ་དགོ་པར་ ཁ་འབག་གི་ལཱ་འདི་ འཕྲང་འཕྲང་ར་ སྤྲོད་ནི་སྦེ་ཨིན་མས།

ལྷན་ཁག་གིས་ བཟོ་བསྐྲུན་ལས་སྡེ་འདི་ རྒྱལ་ཁབ་ནང་ལུ་ ལཱ་གཡོག་མང་སུ་ཅིག་བྱིན་ཚུགས་ནི་ཨིན་པའི་ ལས་སྡེ་ཅིག་སྦེ་ ངོས་འཛིན་འབད་དེ་ཡོདཔ་ཨིན།

འདི་དང་འབྲེལ་ཏེ་ བཟོ་བསྐྲུན་ལས་སྡེ་ཚུ་ལུ་ འཐུས་བྱིན་ནི་གི་ལམ་ལུགས་ཅིག་ འགོ་བཙུགས་ནི་ཨིན་མི་འདི་གཙོ་བོ་ར་ བཟོ་བསྐྲུན་ལས་སྡེ་ཡར་དྲག་བཏང་ནི་དང་ བཟོ་བསྐྲུན་ལས་སྡེ་ནང་ལུ་ ལཱ་གཡོག་གི་ས་སྟོང་ཡར་སེང་འབད་ནི་ དེ་ལས་ ཕྱི་ཡི་ལས་མི་གི་གྱངས་ཁ་འདི་ མར་ཕབ་འབད་ནི་ལུ་དམིགས་ཏེ་ཨིན་མས།

ཁ་འབག་གི་ལཱ་ འཕྲང་འཕྲང་ར་སྤྲོད་ནི་ཨིན་མི་འཐུས་འདི་ཡང་ ཁྱིབ་བརྐྱབ་ནི་དང་ ཟམ་བརྐྱབ་ནི་ དེ་ལས་ འཁོར་ལམ་བསལ་ནི་གི་ལཱ་འབད་མི་ བཟོ་བསྐྲུན་ལས་སྡེ་ཚུ་ལུ་བྱིན་ནི་ཨིན་མས།

ལཱ་གཡོག་བློན་པོ་ ཉི་མ་སངས་རྒྱས་ཆེན་པོ་གིས་གསུང་མི་ནང་ བཟོ་བསྐྲུན་དང་འབྲེལ་བའི་ལཱ་ཚུ་གི་ནང་ལུ་ མ་དངུལ་ཡང་ལངམ་སྦེ་ར་ཡོད་པའི་ཁར་ རྒྱལ་ཁབ་ནང་འཁོད་ལས་ ལས་མི་ཡང་ ལངམ་སྦེ་ར་ཡོད་ཟེར་ཨིན་མས།

བློན་པོ་གིས་གསུང་མི་ནང་ ད་རེས་རྒྱལ་ཁབ་ནང་ལུ་ ཕྱི་ཡི་ལས་མི་ སྟོང་ཕྲག་༢༢དེ་ཅིག་ར་ཡོདཔ་ལས་ བཟོ་བསྐྲུན་ལས་སྡེ་གིས་ རྒྱལ་ཁབ་ནང་འཁོད་ཀྱི་མི་སྟོང་ཕྲག་༥ལྷགཔ་ཅིག་ལུ་ ལཱ་གཡོག་བྱིན་ཚུགས་ཏེ་འབད་རུང་ རྒྱལ་ཁབ་ལུ་ ཕན་ཐོག་སྦོམ་སྦེ་ར་བྱུང་ནི་མས་ཟེར་ཨིན་མས།

ད་རེས་ནངས་པར་ ལྷན་ཁག་གིས་ སྒེར་གྱི་བཟོ་བསྐྲུན་ལས་སྡེ་ཚུ་ལུ་ གྲོས་འཆར་བཟོ་སྟེ་ཡོད་པའི་ ལས་རིམ་འདི་ལུ་ དག་སྣང་འདི་ཚུ་ག་དེ་སྦེ་ར་ཡོདཔ་ཨིན་ན་ སྙན་ཞུ་ཕུལ་དགོཔ་སྦེ་སླབ་ཡོདཔ་དང་ ལཱ་འདི་ཚུ་ཐོན་པའི་སྐབས་ ལྷན་ཁག་གིས་ དག་སྣང་ཡོད་པའི་ ལས་སྡེ་ཚུ་ལུ་ ཁོང་རའི་ གྲོས་འཆར་བཙུགས་དགོཔ་སྦེ་སླབ་ནི་ཨིན་མས།

འདི་དང་འཁྲིལ་ཏེ་ ཁ་འབག་གི་ལཱ་འདི་ གྲོས་འཆར་དང་བསྟུན་ཐོབ་པའི་ཤུལ་ལས་ ལྷན་ཁག་གིས་ ལས་སྡེ་འདི་ལུ་ ཕྱི་ཡི་ལས་མི་བཙུགས་ནི་གི་གནང་བ་ གནང་ནི་མེདཔ་སྦེ་བཟོ་ནི་ཨིན་མས།

འདི་བཟུམ་འབད་ ལཱ་གི་སྤུས་ཚད་ཚུ་ཡང་ གཞུང་གི་ལས་སྡེ་ཚུ་གིས་ དམ་དམ་སྦེ་ར་ དབྱེ་ཞིབ་འབད་ནི་ཨིན་མས།

ད་རེས་ གྲོས་འཆར་བཀོད་དེ་ཡོད་པའི་ལས་རིམ་འདི་ བསྟར་སྤྱོད་འབད་ནི་གི་དོན་ལས་ ཟླཝ་གསུམ་དེ་ཅིག་ འགོར་ནི་བཟུམ་ཅིག་ཡོདཔ་ཨིན་མས།

ལཱ་གཡོག་ལྷན་ཁག་གིས་བཀོད་མི་ནང་ གྲོས་འཆར་བཀོད་དེ་ཡོད་པའི་ལས་རིམ་འདི་ལུ་ ངོས་ལེན་འབད་མི་ སྒེར་གྱི་བཟོ་བསྐྲུན་ལས་སྡེ་ ག་ཡང་མ་ཐོན་པ་ཅིན་ ལྷན་ཁག་གིས་ བཟོ་བསྐྲུན་གོང་འཕེལ་ལས་འཛིན་དང་མཉམ་འབྲེལ་འབད་དེ་ ལས་རིམ་འདི་དང་འཁྲིལ་ཏེ་ལཱ་འབད་ནི་གི་དོན་ལས་ ན་གཞོན་གྱི་སྡེ་ཚན་བཟོ་ནི་ཨིན་མས།

དེ་ལས་ འ་ནི་ ན་གཞོན་སྡེ་ཚན་འདི་ལུ་ ཐད་ཀར་ལཱ་གཡོག་བྱིན་ནི་གི་ ལས་རིམ་གྱི་ཐོག་ལས་ རྒྱབ་སྐྱོར་འབད་ནི་ཨིན་མས།