གཟའ་ལྷག་པ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༤

རྒྱལ་ཁབ་ནང་ལུ་ ཚད་པའི་ནད་གཞི་ རྩ་མེད་བཏང་ནིའི་དམིགས་ཡུལ།

སྤྱི་ཟླ་༢ པའི་ཚེས་ ༢༧ ༢༠༡༥

MalariaWorkshop-Trongsa༉ གསོ་བའི་ལྷན་ཁག་གིས་ སྤྱི་ལོ་༢༠༡༨ལས་ རྒྱལ་ཁབ་ནང་ལུ་ ཚད་པའི་ནད་གཞི་འདི་ མ་པ་ལས་མེདཔ་སྦེ་ རྩ་མེད་བཏང་ནི་གི་ དམིགས་ཡུལ་སྐྱེད་དོ་ཡོདཔ་ཨིན།

འདི་བཟུམ་འབད་ སྤྱི་ལོ་༢༠༡༥ལས་༢༠༢༠གི་ འབྲུག་རྒྱལ་ཡོངས་ཐབས་རིག་འཆར་གཞི་དང་འཁྲིལཝ་ད་ སྤྱི་ལོ་༢༠༡༨ལས་ ནང་འཁོད་ལས་ ཁྱབ་སྤེལ་འགྱོ་བའི་ ཚད་པའི་ནད་གཞི་འདི་ རྩ་མེད་བཏང་ནི་དང་ སྤྱི་ལོ་༢༠༢༠་ལས་ ཚད་པའི་ནད་གཞི་འདི་ མ་པ་ལས་མེདཔ་སྦེ་ རྩ་མེད་བཏང་ནི་གི་ དམིགས་ཡུལ་སྐྱེདཔ་ཨིན་མས།

ཀྲོང་གསར་རྫོང་ཁག་ནང་ལུ་ འདས་པའི་ལོ་༥གི་ནང་འཁོད་ལུ་ ཕྱི་ཡི་རྒྱལ་ཁབ་ནང་ལས་སྦེ་ ང་བཅས་རའི་རྒྱལ་ཁབ་ནང་ལུ་ ཁྱབ་སྤེལ་འགྱོ་སྟེ་ ཚད་པའི་ནད་གཞི་ཐོབ་མི་གི་གྱངས་ཁ་འདི་ ཡར་སེང་འགྱོ་སྟེ་ཡོདཔ་དང་ འདི་ཡང་ སྤྱི་ལོ་༢༠༡༢ལུ་ འདི་བཟུམ་གྱི་ ཚད་པའི་ནད་གཞི་ཐོབ་མི་༥འབད་ས་ལས་ སྤྱི་ལོ་༢༠༡༤ལུ་ ༩ལུ་ཡར་སེང་འགྱོ་ནུག

དེ་སྦེ་ ཁྱབ་སྤེལ་འགྱོ་མི་གནད་དོན་གཙོ་བོ་ར་ མང་སྡེ་ཆུ་གློག་མེ་ལས་འགུལ་དང་ གཞན་བཟོ་བསྐྲུན་ལས་སྡེ་ཚུ་ནང་ལུ་ ས་མཚམས་ཕར་ཁ་ལས་ ལས་མི་སྟོང་ཕྲག་ལས་བཅད་དེ་ འོང་ཡོད་མི་ལས་བརྟེན་ཏེ་ཨིན་མས།

གསོ་བའི་འགོ་དཔོན་ཚུ་གིས་སླབ་མི་ནང་ ཕྱི་ཡི་ལས་མི་ ལེ་ཤ་སྦེ་ འོང་མི་ལས་བརྟེན་ཏེ་ རྒྱལ་ཁབ་ནང་ལུ་ ཚད་པའི་ནད་གཞི་དང་ གཞན་ཆུ་ལས་བརྟེན་པའི་ནད་གཞི་ཚུ་ ཁྱབ་སྤེལ་བཏང་ནི་གི་ ཉེན་ཁ་སྦོམ་སྦེ་ར་ཡོད་ཟེར་ཨིན་མས།

གསོ་བའི་རྩིས་ཐོ་དང་འཁྲིལཝ་ད་ རྒྱལ་ཁབ་ནང་འཁོད་ལས་ར་ ཁྱབ་སྤེལ་འགྱོ་ཡོད་པའི་ ཚད་པའི་ནད་གཞི་ཐོབ་མི་གི་གྱངས་ཁ་འདི་ འདས་པའི་ལོ་ཚུ་ནང་ མར་ཕབ་འགྱོ་ཡོདཔ་ལས་ ལྷན་ཁག་གིས་ ཕྱི་ཡི་རྒྱལ་ཁབ་ནང་ལས་སྦེ་ ཁྱབ་སྤེལ་འགྱོ་ཡོད་པའི་ ཚད་པའི་ནད་གཞི་འདི་ བཀག་ཐབས་འབད་ནི་ལུ་ བརྩོན་ཤུགས་སྐྱེད་དོ་ཡོདཔ་ཨིན།

མི་རློབས་ལེ་ཤ་སྦེ་ཡོད་སའི་ས་གནས་ཚུ་ནང་ལུ་ འདི་བཟུམ་གྱི་ནད་གཞི་ཚུ་ ཚད་འཛིན་འབད་ནི་གི་དོན་ལས་ ཀྲོང་གསར་ལས་ གསོ་བའི་ལཱ་འབད་མི་ སྡེ་ཚན་ཅིག་གིས་ ད་རེས་ནངས་པར་ ཀྲོང་གསར་གྱི་ས་གནས་ སྟོང་སྟོ་ཕེ་ལུ་སྦེ་ གོ་བསྡུར་སྦྱོང་བརྡར་ཅིག་ འགོ་འདྲེན་འཐབ་དོ་ཡོདཔ་ཨིན་མས།

གོ་བསྡུར་སྦྱོང་བརྡར་འདི་ཡང་ རྫོང་ཁག་འདི་ནང་གི་ གཞི་བརྟེན་སྨན་ཁང་ཚུ་ནང་ལས་ཕར་ ལཱ་འབད་མི་ གསོ་བའི་ལས་འབྱེདཔ་ཚུ་ལུ་ ཚད་པའི་ནད་གཞི་དང་ དྲེན་གུས་ལ་སོགས་པའི་ ཆུ་ལས་བརྟེན་པའི་ ནད་གཞི་ཚུ་ལུ་ གདོང་ལེན་འབད་ནི་གི་ རིག་རྩལ་བྱིན་ཐབས་ལུ་དམིགས་ཏེ་ འགོ་འདྲེན་འཐབ་ཨིན་མས།

ཉིན་གྲངས་གསུམ་གྱི་ སྦྱོང་བརྡར་འདི་ ཆུ་ལས་བརྟེན་པའི་ནད་གཞི་ཚུ་ བཀག་ཐབས་དང་ཚད་འཛིན་འབད་ནི་ དེ་ལས་ ནད་གཞི་འདི་ཐོན་པ་ཅིན་ འདི་ལུ་ དུས་འཕྲལ་ལས་ དྭངས་ལེན་འབད་ནི་གི་ལམ་ལུགས་ཚུ་ ཡར་དྲག་བཏང་ནི་ལུ་ གཙོ་བོར་བསྟེན་ཏེ་སྦེ་ བྱིན་དོ་ཡོདཔ་ཨིན་མས།