གཟའ་ལྷག་པ། ༢༠༡༧ ཟླ་༡༢ པའི་སྤྱི་ཚེས་༡༢

ཚོད་བསྲེ་དང་ ཤིང་འབྲས་ལྡུམ་ར་གི་ལཱ་འདི་ དངུལ་གྱི་འོང་འབབ་བཟོ་ནི་གི་ གཞི་ངོ་མ་ཅིག་ལུ་ འགྱུར་དོ་ཡོདཔ།

སྤྱི་ཟླ་༡ པའི་ཚེས་ ༣༠ ༢༠༡༥

Veggies- Pema Gathsel༉ པདྨ་དགའ་ཚལ་ལུ་ འདས་པའི་ལོ་ཚུ་ནང་ ཚོད་བསྲེ་དང་ ཤིང་འབྲས་ལྡུམ་ར་གི་ལཱ་འདི་ དངུལ་གྱི་འོང་འབབ་བཟོ་ནི་གི་ གཞི་ངོ་མ་ཅིག་ལུ་ འགྱུར་ཏེ་སྦེ་འདུག

འདི་བཟུམ་གྱི་ འོང་འབབ་དོན་ལས་ སོ་ནམ་གྱི་ལཱ་འབད་ནི་ནང་ བརྩོན་ཤུགས་སྐྱེད་མི་ཅིག་འདི་ ཤུ་མར་རྒེད་འོག་གི་ ཤ་ལི་གཡུས་ཚན་ནང་ལས་ སྐྱེས་ལོ་༥༣་ལང་མི་ སངས་རྒྱས་འདི་ཨིན་མས།

མོ་གིས་ ཚོད་བསྲེ་གི་ལཱ་འབད་ནི་གི་ སྤྲོ་བ་འདི་ཡང་ ཚོད་བསྲེ་ཚོགས་པའི་འཐུས་མི་ཅིག་སྦེ་ འཛུལ་བའི་ཤུལ་ལས་ བསྐྱེད་ཡོདཔ་སྦེ་བཤད་ཅི།

སངྱས་ཀྱིས་སླབ་མི་ནང་ ཚོད་བསྲེ་གི་ལཱ་འདི་རང་ འབད་ཚུགས་པ་ཅིན་ བཙོང་མ་ཚུགས་པའི་དཀའ་ངལ་འདི་ མི་འབྱུང་པས་ཟེར་བཤད་ཅི།

མོ་གི་ཚོད་བསྲེ་ལྡུམ་ར་ནང་ལུ་ ཚོང་བསྲེ་གི་རིགས་ཚུ་ཡང་ འདབ་མ་ཀོ་པི་དང་ ཧོན་ཚོད་མེ་ཏོག་ དེ་ལས་ སྒོགཔ་དང་སྐྱ་སྒོགཔ་ འདི་བཟུམ་སྦེ་ ལ་ཕུག་དང་ ཧོན་ཚོད་ལ་སོགས་པ་ཚུ་ བཙུགས་དོ་ཡོདཔ་ཨིན་མས།

སངྱས་ཀྱིས་སླབ་མི་ནང་ མོ་གི་གཡུས་ཚན་འདི་ ས་ཁ་མཐོ་དྲག་ མཚམས་ཅིག་ཁར་ཡོདཔ་ལས་ སོན་བཏབ་སྟེ་ ལྕམ་བཏོན་ནི་ལུ་ དུས་ཡུན་འགོརཝ་མས་ཟེར་བཤད་ཅི།

མོ་གིས་ ཚོད་བསྲེ་དང་ སོ་ནམ་གྱི་འཐོན་བསྐྱེད་ གཞན་ཚུ་བཙོང་སྟེ་སྦེ་ ན་ཧིང་ འོང་འབབ་དངུལ་ཀྲམ་ འབུམ་ཅིག་ལྷགཔ་ཅིག་ བཟོ་ཚུགས་ནུག

འདི་བཟུམ་སྦེ་ སངྱས་ཀྱིས་ སོ་ནམ་ས་གཞི་གི་ལཱ་འབད་ནི་ནང་བརྩོན་ཤུགས་སྐྱེད་མི་ལས་བརྟེན་ཏེ་ ན་ཧིང་ བཀྲིས་སྒང་ བཀང་ལུང་ལུ་ རྒྱལ་ཡོངས་དུས་ཆེན་རྩིས་སྲུང་ཞུ་བའི་སྐབས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ལས་ རྒྱལ་ཡོངས་ཟེངས་ཐོན་གྱི་ དངུལ་གྱི་རྟགས་མ་ཡང་ཞུ་སྟེ་སྦེ་འདུག

མོ་གིས་ རྒྱལ་ཡོངས་ཟེངས་ཐོན་གྱི་རྟགས་མ་འདི་ཡང་ སྒྲོམ་ནང་ལུ་བཙུགས་ཏེ་ བདག་འཛིན་ལེགས་ཤོམ་སྦེ་འཐབ་སྟེ་ བཞག་དོ་ཡོདཔ་སྦེ་ཨིན་མས།

སངྱས་ཀྱིས་སླབ་མི་ནང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ལས་ འདི་བཟུམ་གྱི་ རྒྱལ་ཡོངས་ཟེངས་ཐོན་གྱི་རྟགས་མ་ ཞུ་ཚུགས་མི་འདི་ མོ་གི་སེམས་ཁ་ལས་ ནམ་ཡང་ བརྗེད་པར་ཕངས་པའི་ དུས་ཅིག་ཨིན་ཟེར་བཤད་ཅི།

ད་རུང་ མོ་གིས་སླབ་མི་ནང་ རྟགས་མ་འདི་གིས་ སོ་ནམ་ས་གཞི་གི་ལཱ་འབད་ནི་ནང་ལུ་ སེམས་ཤུགས་ཐེབ་སྦེ་རང་ཐོབ་སྟེ་ཡོདཔ་མ་ཚད་ མོ་རའི་ཨ་ལུ་ཚུ་གིས་ཡང་ སོ་ནམ་ཞིང་ལཱ་འབད་ནི་ནང་ སེམས་ཤུགས་སྐྱེད་པའི་གཞི་ཅིག་ལུ་འགྱུར་ཏེ་ཡོད་ཟེར་ཨིན་མས།

མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ན་ཧིང་ རྒྱལ་ཡོངས་དུས་ཆེན་རྩིས་སྲུང་ཞུ་བའི་སྐབས་ སངྱས་དང་གཅིག་ཁ་ལུ་ གཞན་མི་ མི་སེར་སོ་ནམ་པ་ཚུ་ལུ་ཡང་ འདི་བཟུམ་གྱི་ངོས་ལེན་འདི་ གནང་སྟེ་ཡོདཔ་ཨིན།